ཚ་སྒང་གི་མི་བུ་
མི་རིགས་ཀྱི་ཕོ་རྒོད་
རྨོངས་སེལ་གྱི་ཉིན་གཞོན་
མདོ་དབུས་ཁམས་གསུམ་ལ་གྲགས་
ཁྱོད་ཀྱིས་
ལ་རྒྱ་ཡི་ཆེད་དུ་
ཕ་སྐད་ཀྱི་དོན་དུ་
བོད་མི་རིགས་ཀྱི་སླད་དུ་
རང་གི་ཕ་མ་དང་སྤུན་མཆེད་སོགས་བཞག་ནས་
གར་སོང་ཆ་མེད་དུ་གྱུར་སོང་
སྐུ་ཉིད་གང་དུ་ཡོད་
མེ་ཟླུམ་ནུབ་ཏུ་ཕྱིན་སོང་
སྤྲིན་དཀར་བྱང་ལ་བུད་སོང་
མདའ་སྨྱུག་མཐོང་རྒྱུ་མི་འདུག་
ཀྱེ་ཧུད་
ཁྱོད་མེད་པའི་ཉིན་མོ་
ཡུལ་མི་སེམས་མི་སྐྱིད་
ཁྱོད་མེད་པའི་མཚན་མོ་
ཡུལ་མི་བློ་མི་བདེ་
སྐུ་ཉིད་གང་དུ་ཡོད་ ཚ་སྒང་གི་ན་གཞོན་
ཁྱོད་ཀྱི་ལྟ་བ་དང་སྣང་ཚུལ་སོགས་སུས་ཀྱང་འགྲན་ཟླ་བྲལ་
ཁྱོད་ཀྱི་སྙན་རྩོམ་དང་དགག་རྩོམ་སོགས་ནི་མདོ་དབུས་ཁམས་གསུམ་གྱི་མཁས་དབང་རྣམས་ཡིད་སྨོན་ཤོར་
ཚ་སྒང་ལ་མི་ཁྱོད་འཁྲུངས་པ་དགའ་བ་ལ་
ཚ་སྒང་ལ་མི་ཁྱོད་མེད་པ་ཕངས་སེམས་སྐྱེས་
མདའ་སྨྱུག་ལགས་ ཁྱོད་གང་དུ་ཡོད་
ཁྱོད་ཤར་ན་ཡོད་དམ་ནུབ་ན་ཡོད་
ཁྱོད་ལྷོ་ན་ཡོད་ནམ་བྱང་ན་ཡོད་
གལ་སྲིད་ ཁྱོད་འཇིག་རྟེན་ཐོག་གནས ཡོད་ན་
བུ་ང་ལ་འཕྲིན་ལན་གཏོང་རོགས་
བུ་ང་ལ་ཨ་ལན་གནང་རོགས་
མདའ་སྨྱུག་ལགས་ ཁྱོད་གང་དུ་ཡོད་
བདག་གིས་
ཁྱོད་རང་རེ་སྒུག་བྱས་ཡོད་
རེ་སྒུག་ནས་རེ་ཆད་དུ་ཡལ་སོང་
ངོ་མ་ ང་ཚོའི་ལས་དབང་རེད་
དྲི་མེད་ཀྱི་ཁ་བཏགས་ཁྱོད་ལ་འབུལ་
ཁྱོད་ཀྱི་བརྩམ་ཆོས་དུ་མ་ཞིག་
ང་དང་ང་འདྲ་བའི་སློབ་གྲོགས་མང་པས་ལྟ་འདོད་
ཁྱོད་ཀྱི་བརྩམ་ཆོས་འགའ་རེས་མི་རྣམས་མཆི་མ་ཤོར་
ནང་དོན་གཏིང་ཟབ་ལ་སློབ་བུ་ཡོངས་ལ་བོད་སྐད་ཡིག་སྦྱོང་འདོད་ཀྱི་བསམ་པ་ཞིག་སྟེར་
སྐུ་ཉིད་གང་དུ་ཡོད་
ང་ཡིས་ཁྱོད་དྲན་ནས་རྟག་ཏུ་ཁྱོད་ཀྱིས་བརྩམ་ཆོས་རྣམས་ལ་ཐེངས་རེར་བལྟས་ཁྱོད་དྲན་ནས་སྐྱོ་གླུ་ལེན་
ཁྱོད་དྲན་ནས་མིག་ཆུ་རྩོམ་ཞིག་བྲིས་པ་ཡིན་།།།
ཚ་བཞད་བསྟན་འཛིན་སྟོབས་འཕེལ་ནས།།
网友评论