ཀྲིག་གོ་ཕིན།
ཝེ་ནེ་སིའི་རྐང་འོག་ནས་ངུ་ཤུམ་བྱེད་པ།༡༨༥༦ ལོའི་སླ༥བར་ཧེ་ནེ(Heinrich Heine )་ལོ་ལྔ་བཅུ་ང་གཅིག་ཡིན།སྐབས་དེར་ཁོ་ཕུ་རུ་སུར་འཁྱམས་ཉུལ་བྱེད་བཞིན་ཡོད།དབུལ་ཐོག་ནད་གདུང་གིས་ཡུན་རིང་འགོར་བའི་སྒལ་ཚིགས་ཀྱི་རུས་ནད་ཇེ་སྡུག་ལ་འགྲོ་མགོ་བརྩམས།མི་དགེ་བའི་སྔོན་དཔག་ཅིག་སེམས་ལ་ཉར་ནས་གོམ་པ་རེ་རེ་དཀའ་སྡུག་ངང་སྤོ་བཞིན་རོ་ཧྥོའི་བྲང་ཁང་གི་ཕྱོགས་སུ་སོང་ནས་ཁོ་རང་གིས་དད་གུས་ཚད་མེད་བྱེད་སའི་བརྩེ་དུང་གི་ལྷ་མོ་དེར་བདེ་མོ་བཞག བརྗིད་ཉམས་ལྡན་པའི་ཚོམས་ཆེན་དེའི་ནང་ལ་འཛུལ་མ་ཐག་སྟེགས་བུའི་སྟེང་ཀྲོང་ངེར་ལངས་པའི་ཝེ་ན་སིའི་བརྐོས་བརྙན་རིག་ཐུབ།
ཁོས་དེ་མ་ཐག་མིག་ཆུ་མ་བསྲོན་པར་སྐད་ཆེན་པོས་ངུ་ཤམ་འཐེན།ཁོ་རང་ཝེ་ན་སིའི་རྐང་འོག་ནས་ཀན་རྐྱལ་དུ་ལོག་ཏེ།དཔུང་བ་གཉི་ཀ་མེད་པའི་ལྷ་མོ་དེར་ཅེར་ནས་ཡུན་རིང་ལ་ངུས་བསྡད།འདི་ནི་ཁོ་རང་སྒོར་བུད་པ་ཆེས་མཐའ་མ་དེ་ཡིན།རྗེས་ནས་ནད་མནར་གྱི་ལོ་བརྒྱད་ལ་ནད་ཁྲི་དང་ཁ་བྲལ་མ་མྱོང་།ལོ་ལྔ་བཅུ་ང་ལྔའི་སྟེང་འཇིག་རྟེན་འདི་དང་གཏན་དུ་གྱེས་ཕྱག་བཞག
ཧེ་ནེ་ནི་ང་རང་ལོ་བཅོ་བརྒྱད་སྐབས་སུ་ཆེས་དགའ་མོས་བྱེད་སའི་སྙན་ངག་པ་ཞིག་ཡིན།སྐབས་དེར་ང་རང་སློབ་ཆེན་སློབ་རིམ་གཉིས་པ་ཡིན།གཏན་ཁེལ་བྱས་པའི་བསླབ་གཞིའི་དཔེ་ཆར་ཤིན་ཏུ་སུན། དེ་བས་འཇར་མན་གྱི་སྙན་ངག་པ་གང་དེའི་སྙན་ངག་དེབ་འགའ་ལག་ལ་བཟུང་ནས་ཕར་སློག་ཚུར་སློག་བྱས་པ་ཡིན།དེ་བཞིན་རང་གིས་ཀྱང་ཧེ་ནེ་ནང་བཞིན་གྱི་བརྩེ་དུང་སྙན་ངག་ཆུང་ངུ་འགའ་བྲིས་མྱོང་།འོན་ཀྱང་དེའི་རྗེས་ནས་ངས་ཁོ་ལ་ནང་གཏན་སྤྲད་ནས་ཕལ་ཆེར་ལོ་སུམ་བཅུའི་ནང་ལ་ཐེངས་གཅིག་རེ་མ་གཏོགས་བལྟས་མ་མྱོང་།
ཉིན་འདི་གར་གློ་བུར་བའི་རྟེན་འབྲེལ་ཞིག་གིས་ངས་ཡང་བསྐྱར་ཁོའི་སྙན་ངག་ཕྱོགས་བཏུས་དེབ་དེའི་ཁ་ཕྱེས་པ་ཡིན།ང་རང་ད་ལྟ་ཧེ་ནེ་ཆེས་མཐའ་མཇུག་རོ་ཧྥི་ཕོ་བྲང་ལ་འཛུལ་བའི་ལོ་ཚོད་ལས་བརྒལ་ཟིན།སྐབས་འདིར་ཁོ་རང་བཀླགས་ཚེ།ཕལ་ཆེར་ཁོ་རང་ཝེ་ནེ་སིའི་རྐང་འོག་ནས་ངུ་ཤུམ་བྱེད་པའི་རྒྱུ་མཚན་གོ་རྒྱུ་འདུག
ཧེ་ནེས་ཚེ་ཐག་ཐོག་ལ་བྲིས་པའི་སྙན་ངག་ལས་མང་ཆེ་བ་བརྩེ་དུང་སྙན་ངག་ཡིན་འདུག འོན་ཀྱང་ཁོའི་བརྩེ་དུང་གི་བརྒྱུད་རིམ་ནི་ཡ་ང་བ་ཞིག་རེད་ཅེས་བཤད་ཀྱང་མི་འགལ།ཁོའི་བརྩེ་དུང་གི་ལོ་རྒྱུས་ནི་ཁོ་རང་གཅམ་སྲིང་གཉིས་ལ་དགའ་བ་དེ་ནས་མགོ་བརྩམས་པ་རེད།བརྩེ་དུང་འདི་ནི་མགོ་བརྩམས་མ་ཉིད་ནས་གྲུབ་འབྲས་མེད་པ་ཞིག་རེད།གཅམ་སྲིང་དེ་གཉིས་ཀྱིས་ཁོ་རང་དབུལ་བོ་ཡིན་པར་བལྟས་ནས་མིག་ནང་ལ་མ་བཞག་པར་སྔ་གཞུག་བྱས་ནས་སྤྱིར་བཏང་གི་མི་སྐྱ་རེ་དང་གཉེན་སྡེབས།དེ་བཞིན་སྨེང་སེམས་འདི་ནི་ཁོའི་སྙན་ངག་གི་བདག་རྐྱེན་དུ་གྲུབ་འདུག ཁོའི་ཚོར་བ་ཕྱིར་འཕྱུར་ཚེ་བདག་དམ་མི་ཐུབ་པའི་ཚད་དུ་བསྐྱལ་འདུག ཁོས་ས་གྲག་གནམ་གྲག་གི་སྙན་ངག་མང་པོ་ཞིག་བྲིས་ཤིང་།འཇར་མན་གྱི་བརྩེ་དུང་སྙན་ངག་གི་རྒྱལ་བོའི་གདན་ཐོབ་བསྙེས་མཁན་དུ་གྱུར། ཁོ་ལ་སྒྱུ་རྩལ་གྱི་སྟེང་ནས་འབྲས་བུ་ཐོབ་རུང་།གཉའ་ཆག་པའི་བརྒྱུད་རིམ་འདིའི་ཁོ་སེམས་ཁུང་ལ་བརྗེད་མེད་ཀྱི་ན་ཟུག་བཞག
ཁོའི་སྙན་ངག་གི་རླུང་རྟ་ཧ་ཅང་དར་བའི་སྐབས་ཤིག་ལ་ཁོ་རང་སྔོན་ཆད་དགའ་བའི་གཅམ་སྲིང་གཉིས་ལས་ཐེ་ལེ་སི་ཟེར་བའི་བུ་མོ་དེ་ཁོ་ལ་བཅར་ནས་ཁོ་ལ་ཅིའང་ཕུལ་བར་བྱས། ཁོས་སྔོན་ཆད་ཐེ་ལེ་སི་ཟེར་བ་འདིར་སྙན་ངག་མང་པོ་ཕུ་མྱོང་། དེ་ལས་ཆེས་མིང་དུ་གྲགས་པ་ཞིག་ཡོད་པ་དེ་དབྱངས་མཁན་ཚོས་གདངས་མི་གཅིག་པ་ཉིས་བརྒྱ་ལྔ་བཅུ་བཟོས་མྱོང་།དེ་འདིར་དྲངས་ན།" ཁྱོད་རང་མེ་ཏོག་ཅིག་དང་འདྲ/མཛེས་ཤིང་མཉེས་ལ་དྭངས་པ་འཛིན/ང་ཁྱོད་ལ་ཅེར་དུས/ངའི་སེམས་ནང་ནས་རྦ་རླབས་ཤིག་འགོག་མེད་དུ་འཕྱུར་བྱུང/ངས་བསམ་ན/ངས་ཕལ་ཆེར/ལག་པ་སྤྱད་ནས་ཁྱོད་ཀྱི་མགོ་བོ་གནོན་འོས/གསོལ་བ་བཏབ་ནས་གནམ་བདག་གིས་ནམ་ཡང་ཁྱོད་ལ་མགོན་སྐྱབས་གནང་དུ་འཇུག་འོས/འདི་ལྟར/མཛེས་ཤིང་མཉེས་ལ་དྭངས་པ་འཛིན/"དངོས་གནས་ཡག་པོ་འདུག
དེའི་རྗེས་ཀྱི་ཐུག་འཕྲད་དེའི་འཕྲོར།ཁོས་ཁ་བྱང་ལ<<སེ་རྒོད་བགྲེས་པོ>>ཟེར་བའི་སྙན་ངག་ཅིག་བྲིས་མྱོང་།ནང་དོན་ཕལ་ཆེར་ནི་ཁོ་མོ་སྔོན་ཆད་ཆེས་མཛེས་པའི་སེ་རྒོད་ཅིག་ཡིན་ལ།སྐབས་དེར་མོའི་ཚེར་མའི་གདུག་རྩུབ་ཀྱིས་ང་ལ་གཙུག་ཅིང་།ད་བར་མོ་རང་རྒས་ཟིན།ང་ལ་གཙུག་བྱེད་ནི་མོའི་མ་ནེའི་སྟེང་གི་སྤུ་སྐྱེས་པའི་སྨེ་བ་ནག་པོ་དེ་རེད། མཇུག་གི་ཚིག་ནི"ཁྱོད་རང་ཇོ་མོ་སྒར་ལ་འགྲོ་རོགས།སྐྲ་གྲིས་མགོ་སྐྲ་ཡོངས་རྫོགས་གཞར་ཡག་བྱོས་ཤིག"ཅེས་པ་དེ་རེད། སྙན་ངག་འདི་གཉིས་མཉམ་དུ་བཞག་ཚེ།འདི་ནི་མི་གཅིག་གིས་བྲིས་པ་ཡིན་མིན་ལ་དོགས་པ་ཟ་ངེས།སྙན་ངག་འདི་ནི་གདུག་རྩུབ་ཀྱིས་ཁེངས་ཤིང་། མི་ལ་དངངས་སེམས་བསླངས་ཡོང་།འོན་ཀྱང་ངས་ཤེས་ཡོད།ཁོ་རང་བདེན་པ་ཡིན་པས་ད་གཟོད་མི་ལ་དངངས་སེམས་སློང་།ཆེས་དམར་རྗེན་ངང་སྐབས་ཐོག་དེའི་སྙན་ངག་པའི་ཚོར་བ་བྲིས་འདུག གཅམ་སྲིང་གཉིས་ལ་བཅངས་པའི་བརྩེ་དུང་ནི་ཧེ་ནེའི་མི་ཚེ་གང་བོའི་གཏིང་སོན་གྱི་བརྩེ་དུང་གི་མྱོང་བ་ཞིག་ཡིན་པ་རེད། དེའི་རྗེས་ནས་ཁོ་ལ་དེ་ལྟ་བུའི་དགའ་མགུ་ཡོད་མི་དཔེ། ཡང་མིན་ན་ང་ཚོས་དཔེ་ཞིག་བཞག་ཆོག གལ་ཏེ་ཐེ་ལེ་སིས་དང་ཐོག་ཁོའི་འདོད་པ་དེ་དང་ལེན་བྱས་ཡོད་ཚེ།མོ་རང་རྒས་རྗེས་ཀྱི་མ་ནེའི་སྟེང་གི་སྨེ་བ་ནག་པོ་དེས་ཁོ་ལ་སུན་སྣང་བསྐྱལ་ཡོད་དམ། ཁོ་རང་མཛེས་ལ་དགའ་བའི་སེམས་གཤིས་ལས་བརྡར་ཤ་བཅད་ཚེ།ཚད་ཐིག་ཅིག་གི་ཁྱད་པར་ཁོ་ན་ལས་མེད། དོན་ངོ་མར་ཁོ་རང་ཕར་ལ་ཧ་ཅང་དགའ་བའི་སྐབས་ཐོག་དེར།ཁོའི་བརྩམས་ཆོས་ཀྱིས་རྒྱུན་རྒྱུན་མཛེས་པ་ནོག་པའི་སྐྱོ་གདུང་ཁུར་འདུག སྔུན་ལ་དྲངས་པའི་སྙན་ངག་དེ་ནི་དཔེ་མཚོན་དུ་འོས་པ་ཞིག་རེད། འོན་ཀྱད་སྐབས་ཐོག་དེའི་ཁོའི་མིག་ལམ་ནས་མཛེས་པ་ཤོར་སླ་བས་ན་སྔར་ལས་ཀྱང་རིན་ཐང་ལྡན་པར་གྱུར་བ་རེད། ལྷག་པར་མི་རྣམས་ཀྱིས་བདག་འདོད་པ་རེད།
ཁོ་རང་སྐབས་དེར་བརྩེ་བས་སྨྱོས་པའི་གཞོན་ནུ་ཞིག་ཡིན།བརྩེ་བས་མྱོས་པ་ནི་བརྩེ་བས་མྱོས་པ་ཁོ་ན་སྟེ།ཤོར་སླ་བ་དེ་གཏན་དུ་གནས་པར་ཡིད་ཆེས་པ་ཉིད།མཛེས་པའི་སེམས་གཤིས་ཀྱི་རྩ་བ་ནི་མཛེས་པ་ཡུན་རིང་གནས་པའི་མྱོས་ཚོར་གྱི་འབྱུང་རྐྱེན་ནོ།། འོན་ཀྱང་དེས་མཛེས་པ་ཤོར་བའི་སྐྱོ་ཤས་བཟུང་འདུག དེ་བཞིན་མྱོས་ཚོར་འགོག་པའི་ནུས་པ་ཐོན་ཐུབ།ཧེ་ནེའི་ལུས་སྟེང་ནས་བྱུང་བ་ནི་ཏག་ཏག་གོ་རིམ་འདིའོ།།
དེའི་གཞུག་ནས་ཁོ་རང་བརྩེ་དུང་ལ་བསྟོད་གླུ་འབུལ་མཁན་ཞིག་ནས་བརྩེ་དུང་ལ་དམོད་མོ་བོར་མཁན་ཞིག་ཏུ་འགྱུར་སོང་བ་འདྲ།ཁོའི་བརྩེ་དུང་སྙན་ངག་གི་ནང་དུ་རང་དམན་དང་ཟུར་ཟའི་ཉམས་མང་དུ་ཐོན། ཟུར་ཟའི་རྒྱུ་མཚན་ནི་སྔོན་ཆད་ཀྱི་བསྟོད་བསྔགས་ཀྱི་རྒྱུ་མཚན་དང་གཅིག་པ་ཡིན། སྔོན་ཆད་མཛེས་པ་ཤོར་སླ་བས་ན་དེ་ལྷག་པར་རིན་ཐང་ལྡན་པར་གྱུར།ད་སྐབས་དེ་བཞིན་གྱི་ཡིད་ཆེས་མེད་པར་གྱུར།དེ་བས་བརྩེ་དུང་ཡང་ཁ་བཤད་ཀྱི་རྫུན་གཏམ་ཞིག་ཏུ་གྱུར།སྐབས་འདིར་ཁོའི་མིང་གནམ་འོག་ལ་གྲགས། མཛེས་སྡུག་གི་སྟེགས་བུའི་ཐོག་འགྱིངས་ཉམས་ཀྱིས་སྡོད།
<<སྐྱེལ་མོའི་ཚལ་གྱི་ཤུགས་གླུ།>>འི་ཁ་བྱང་འོག་གི་སྙམ་ངག་ངར་ཞགས་ཅན་དེ་དག་ཀློགས་དང་།བྲིས་པ་དངོས་གནས་ཉམས་མཚར་རྫོགས་པ་ཞིག་རེད།ཁོ་རང་ཕལ་ཆེར་བརྩེ་དུང་ལས་ཕྱིར་བུད་འདུག་པ་འདྲ།འོན་ཀྱང་ཞིབ་ཏུ་མྱངས་ན་ཁྱོད་ཀྱིས་ད་དུང་སྔོན་ཆད་ཀྱི་སྐྱོ་བ་ཁ་ཤས་ཚོར་ཐུབ། ཁོ་རང་ནས་ངོས་ལེན་པ་ཞིག་ལ" ལེགས་འགྲུབ་ཀྱི་བྲོ་བས་འགྲེང་ཡང་། ད་དུང་དགོས་ངེས་ཀྱི་དངོས་པོ་ཞིག་ཆད་འདུག"དེ་ནི"ཡལ་ཟིན་པའི་གཞོན་དུས་ཀྱི་མྱོང་ཚོར་ཡིན་པ་རེད། སྨྱོས་ཚོར་གྱི་དྲན་པ་བརྒྱུད་ནས་ང་ཚོས་རྟོགས་ཐུབ་པ་ནི་ཧེ་ནེའི་རུས་གཏིང་ནས་སྔར་བཞིན་བརྩེ་དུང་ལ་བསྟོད་གླུ་འབུལ་མཁན་ཞིག་ཡིན་པ་དེའོ།།
ཧེ་ནེའི་མི་ཚེ་གང་བོའི་བུད་མེད་ཀྱི་འབྲེལ་བའི་ནང་ནས་གཅིག་ལའང་གྲུབ་འབྲས་མེད་འདུག གཞོན་དུས་ཀྱི་ཕར་ལ་དགའ་བ་དང་མིང་དུ་གྲགས་རྗེས་ཀྱི་ཟློས་གར་མཐུད་མ་དེ་ཕུད།ཆེས་མི་མཚུངས་པ་ཞིག་ཡོད་པ་ནི།ཕ་རུ་སུར་འཁྱམས་པའི་སྐབས་སུ་མིང་ལ་མ་ཏེ་ཨར་ཏི་ཟེར་བའི་ལྷམ་བཙོང་བའི་སྦྱིན་བདག་མ་ཞིག་དང་གཉེན་སྒྲིག་པ་དེ་རེད། ང་ཚོས་ཤེས་པ་ཞིག་ལ།ཁོ་གཉིས་ཀྱི་བར་ན་འཆར་ཡན་གྱི་བརྩེ་དུང་ཟེར་བ་ཞིག་གླེང་རྒྱུ་མེད་ཁོ་ཐག་རེད། ཧེ་ནེ་གཞོན་དར་ཡིན་པའི་སྐབས་སུ་སྙན་ངག་ཅིག་གི་ནང་དུ་བསྒྲགས་དོན། གལ་ཏེ་ཁོའི་མ་འོངས་པའི་ཆུང་མས་ཁོའི་སྙན་ངག་བློར་མི་འབབ་ཚེ། ཁོ་རང་གཉེན་འཐོར་བྱེད་རྒྱུ་ཟེར།ད་སྐབས་ཀྱི་ལྷམ་བཙོང་སྦྱིན་བདག་མ་འདིས་ཡི་གེ་འབྲུ་གཅིག་ཀྱང་མི་ཤེས་མོད།ཁོས་ཁོག་ཡངས་བྱས་ནས་བསྲན་པ་རེད།དེའི་རྗེས་དོན་དངོས་ཀྱིས་ར་སྤྲོད་བྱས་སོང་། ཁོ་རང་ན་ནས་ཉལ་སར་ལྷུང་སྐབས་མོ་རང་སྙོར་སྡུག་བཟོད་པའི་ཆུང་མ་སེམས་དཀར་ཞིག་ཡིན་འདུག
ཁོའི་ཚེ་མཇུག་གི་སྙན་ངག་བརྩམས་ཆོས་ཁྲོད།སྙན་ངག་གཉིས་ནི་ཆུང་མ་འདི་ལ་བྲིས་པ་ཡིན་འདུག ཀློགས་ན་ངུ་སྙིང་འདོད་པ་ཞིག་རེད།སྙན་ངག་ཅིག་ལས་ཁོས་ཡིད་སློང་བྱས་ནས་རང་ཉིད་ཀྱི་འདས་སྐར་ཉིན་མོར་ཆུང་མ་དུར་ཕྱག་ཏུ་ཡོང་ཞིང་།ཁོས་མོ་རང་ཐང་ཆད་ནས་རྐང་བ་ཉོབ་པ་མཐོང་སྟེ་མོ་ལ་རྡལ་གཏོང་རླངས་འཁོར་གླས་ནས་ཡུལ་ལ་འགྲོ་རོགས་ཞེས་བཀའ་བགོས།ཡང་ཅིག་ཤོས་ལས།ཁོས་ལྷ་ལ་གསོལ་བ་བཏབ་ནས་ཁོ་རང་ཤི་རྗེས་ཁེར་ཧྲེང་ཧྲེང་གི་ཡུགས་མོ་འདི་ལ་སྐྱབས་མགོན་བྱེད་དགོས་པ་བྲིས་འདུག འདི་ནི་སྐྱེ་འཆིའི་ལས་འཁེལ་གྱི་བརྩེ་བ་ཟབ་མོ་ཞིག་ཡིན་པ་གདོན་མི་ཟ། འོན་ཀྱང་ཁོའི་ཕུགས་བསམ་ཁྲོད་ཀྱི་བརྩེ་དུང་ནི་ཕུགས་རིང་བའི་ཆུད་ཟོས་གཞན་ཞིག་ཏུ་འགྱུར་ཚར་འདུག
སྙན་ངག་དག་དག་གི་ཁྲོད་ནས་ཧེ་ནེ་བརྩེ་དུང་གི་སྡུག་བསྔལ་ཡང་ཡི་རིངས་པའི་གྲལ་ཏུ་བཞག་ཆོག འོན་ཀྱང་གནད་དོན་སྡུག་བསྔལ་གྱི་ཡི་རིངས་མི་རིངས་བར་ན་མེད་པ་ང་ཡིད་ཆེས།ལྡོག་སྟེ།ཁོ་རང་མགུ་བར་བྱེད་པའི་བརྩེ་དུང་དེ་ནི་རྩ་བ་ནས་མངོན་འགྱུར་བྱུང་མི་སྲིད་པ་དེ་ན་འདུག ཁོོའི་མགུ་བའི་ཁྲོད་དུ་འཇིག་རྟེན་འདིར་མཛེས་པ་གནས་ཤིང་།བརྩེ་བ་གཏན་དུ་གནས་པར་ཁག་ཐག་བྱེད།ཁོ་རང་ལོ་ན་ལྔ་བཅུ་ང་གཅིག་ཡིན་པའི་ལོ་དེའི་ཉིན་མོར་ཁོས་རྐང་བ་ནད་པ་ཞིག་འདེགས་ཀྱིན། རོ་ཧྥོའི་བྲང་ཁང་གི་ནང་ལ་འཛུལ་སྐབས།ཁོས་ཝེ་ནེ་སིའི་ཞལ་ལས་མཛེས་པ་ངོ་མ་ཞིག་དང་བརྩེ་བ་གཉིས་སུ་འདྲེས་པའི་རྟག་བརྟན་ཞིག་མཐོང་།དེ་བཞིན་མཐར་རང་ཉིད་ཀྱི་རེ་འདོད་ངོ་མ་ཡིན་པར་རློམ།འོན་ཀྱང་ཁོས་རེ་འདོད་འདི་ལྟ་བུའི་ཆེད་དུ་ཤ་འབད་རུས་འབད་བྱས་ཚར། ད་ནི་མར་རྒུད་པར་གྱུར་རོ།།
སྐབས་འདིར་ཁོས་ལྷ་མོས་ཁོ་ལ་ཆེས་མཐའ་མཇུག་གི་དངོས་གྲུབ་སྩོལ་བར་རེ་བ་བྱེད་མོད།ཡར་བལྟས་པ་ན་ལྷ་མོ་དེར་དཔུང་བ་གཉིས་ཀ་མི་འདུག མེ་རོ་ཝེ་ན་སི་ས་སྒོར་འབུད་དུས་ནས་དཔུང་བ་མེད།དེ་ནི་ཚབ་མཚོན་ཞིག་དང་འདྲ།ལྷའི་ནུས་མཐུས་ཀྱང་མི་ཡུལ་ལ་ཆེས་ཕུགས་བསམ་རང་བཞིན་གྱི་བརྩེ་དུང་ཡོད་པར་སྐྱོར་འདེགས་མི་ཞུ་བ་མཚོན། སྐབས་ཐོག་དེར།ཧེ་ནེ་རང་ཉིད་ཀྱི་ཆེད་དུ་ངུ་ལ་ཝེ་ན་སིའི་ཆེད་དུའང་ངུ། ཁོ་རང་ཉིད་ཝེ་ན་སིར་བློ་དཀར་བར་དུ།ཝེ་ན་སིར་བློ་དཀར་བའི་སློབ་ཕྲུག་གང་དེར་རོགས་བྱེད་པའི་ནུས་པ་མེད་པར་ངུ།
网友评论