སངས་རྒྱས་ཤཀྱཱ་ཐུབ་པ་ནི་མི་ཞིག་ཡིན།
ཁོང་གིས་མི་སྐད་འཆད་ཅིང་།
མི་གོས་གྱོན་ལ།
མི་ཟས་ཟ་བཞིན།
འཇིག་རྟེན་ང་དང་རྩོད་དེ།
ང་འཇིག་རྟེན་དང་མི་རྩོད་དོ་གསུངས།
ཁོང་ཡང་ཤ་ཁྲག་གིས་གྲུབ་ཅིང་།
ལྟོགས་སྐོམ་ཚོར་ལ།
སྐྱེས་རྒ་ན་འཆི་བརྒྱུད་བཞིན།
ཕུགས་བསམ་ཡོད་ཚད་ལུས་ལ་བརྟེན་ནས་འགྲུབ་པ་དང་།
བདེ་ཐང་གི་ལུས་ཕུང་ནི་ཟས་ལ་བརྟེན་དགོས་པར་གསུངས།
ཁོང་གིས་མི་ཡུལ་ན་དཀའ་ཁག་ཆེ་ཚུལ་དང་།
མི་ཚེ་ལ་དོན་སྙིང་ལེན་ཚུལ།
མངོན་སུམ་ལ་གདོང་ལེན་གཙོ་ཚུལ་སྟོན་བཞིན།
ཐར་བ་ཞིག་ཡོད་ན་མི་ལུས་ནས་ཐར་དགོས་ལ།
ཐོབ་པ་ཞིག་ཡོད་ནའང་མི་ལུས་ནས་ཐོབ་དགོས་པར་གསུངས།
ཁོང་གིས་རྒྱུ་ཡོད་ཚད་ལ་འབྲས་བུ་འབྱུང་བ་དང་།
ལས་ཡོད་ཚད་སྨིན་པར་འགྱུར་བ།
བྱས་པ་ཡོད་ཚད་ཆུད་མི་འཛའ་བས།
བཤད་པ་དག་ལས་ལག་ལེན་གཙོ་བ་དང་།
སྤྱོད་པ་ཡོད་ཚད་དོན་དང་ལྡན་པར་གསུངས།
ཁོང་གིས་ལྷ་ལ་མ་བརྟེན།
འདྲེ་ལ་མ་རེ།
གདོན་ལ་མ་དྲིས་པར།
བདག་ཉིད་བདག་གི་མགོན་ཡིན་གྱི།
གཞན་ལྟ་སུ་ཞིག་མགོན་དུ་འགྱུར་ཞེས་གསུངས།
ང་ཚོ་འཁོར་བའི་ཐང་རྒོད་་ནས།
གཏོལ་མེང་ངང་ནམ་མཁར་ལྟ་དུས།
དེ་ན། གཟུགས་མེད་ཀྱི་སྐྱབས་གཞན་ཞིག་ཡོད་དམ།
དེ་ན། འགྲན་མེད་ཀྱི་མགོན་གཞན་ཞིག་ཡོད་དམ །
མེད། མེད། མེད།
网友评论