美文网首页
ཕྱིར་ཕན་རྩ་དོན། ༡

ཕྱིར་ཕན་རྩ་དོན། ༡

作者: SONAM0 | 来源:发表于2020-11-18 22:55 被阅读0次

    ཤུགས་རྐྱེན་གྱི་ནུས་སྟོབས་(影响力)ཞེས་པའི་དེབ་ཅིག་ལས་ང་ཚོའི་བསམ་སྤྱོད་ཚང་མར་ནམ་རྒྱུན་གཞན་གྱི་ཤུགས་རྐྱེན་གང་མང་ཞིག་ཐེབས་བཞིན་པ་དང་། ང་ཚོ་གཞན་གྱི་གཡོ་འོག་ཏུ་ཚུད་བཞིན་པ། བསླུ་བྲིད་གཏོང་བཞིན་པ་ལ་སོགས་པའི་གནད་དོན་གང་མང་བྱུང་དང་འབྱུང་གིན་ཡོད་ན། དེ་དག་གི་རྒྱབ་ལྗོངས་ན་ང་ཚོའི་ཤེས་ཀྱིན་མེད་པའི་རིགས་ལམ་དང་ཐབས་རྩལ་ཅི་ཞིག་ཡོད་ཅེ་ན། རྩ་དོན་དྲུག་གི་སྟེང་ནས་ང་ཚོ་གཞན་གྱི་ཤུགས་རྐྱེན་ཀྱི་དབང་དུ་འགྲོ་བཞིན་ཡོད་པ་བཤད་འདུག་པས། རྩ་དོན་དྲུག་པོ་དེ་རགས་བསྡུས་ཤིག་གླེང་བ་ཡིན་ན། དང་པོ་ནི་“ཕྱིར་ཕན་རྩ་དོན་”ཞེས་པ་དེ་རེད། དེའི་དོན་ནི། གཞན་ཞིག་གིས་ང་ཚོར་ཕན་བཏགས་ན་ང་ཚོས་ཀྱང་ཕྱིར་ཕན་ལན་མཇལ་བ་དེ་མིའི་རིགས་སྤྱིའི་རྩ་བའི་ཀུན་སྤྱོད་ཆགས་ཡོད་པས། གཞན་གྱིས་ཁྱེད་ལ་ལེགས་སྐྱེས་ལྟ་བུ་ཞིག་བྱིན་ན་ཁྱེད་ཀྱིས་ཀྱང་ཅ་དངོས་གང་ཞིག་ཕྱིར་སྟེར་བ་དང་སྟེར་བར་འབད་པ་དེའི་རིགས་ལ་ཕྱིར་ཕན་རྩ་དོན་ཟེར། ནམ་རྒྱུན་ཚོང་ལས་བ་སོགས་གཞན་སེམས་འགུག་འདོད་པ་མང་བོ་ཞིག་ཞིས་རྩ་དོན་འདི་བེད་སྤྱད་དེ་གཞན་ལ་ཤུགས་རྐྱེན་མི་ཉུང་བ་ཞིག་བཟོ་བཞིན་ཡོད། དཔེར་བཞག་ན་ཚོང་ཁང་དག་གིས་དངོས་པོ་གཅིག་ཉོས་བཞག་ན་ཞོར་དུ་ལེགས་སྐྱེས་ཆུང་ཆུང་རེ་བྱིན་ཡོང་བ་དེས་ཀྱང་ཕྱིར་ཕན་གྱི་རྩ་དོན་འདི་སྤྱད་དེ་རྗེས་མ་ཡང་བསྐྱར་ཁོ་ཚོར་རྒྱབ་སྐྱོར་ཐོབ་པའི་གོ་སྐབས་བརྩོན་ལེན་བྱེད་བཞིན་ཡོད། མ་ཟད་ཚོང་ཁང་འགའ་རེས་ནང་དུ་སོང་མ་ཐག་ཅི་ཐུབ་ཀྱིས་འཛད་སྤྱོད་པར་གོམ་པ་དང་ལྷམ་སོགས་འགྲིག་མིན་ལ་ཡང་ཡང་ཚོད་ལྟ་བྱེད་དུ་བཅུགས་སྟེ། ཕྱི་ཚུལ་ནས་ཁྱེད་ལ་ཞབས་ཕྱི་གང་ལེགས་བསྒྲུབ་པར་བརྩོན་པ་དེས་ཀྱང་དོན་ལ་ཕྱིར་ཕན་རྩ་དོན་འདི་སྤྱོད་བཞིན་ཡོད། དེའི་དམིགས་ཡུལ་ནི་ལྷམ་དང་གོམ་པ་སོགས་འདྲ་མིན་ལ་ཚོད་ལྟ་བྱེད་དུ་བཅུགས་ཏེ་ཅུང་ཙམ་འགོར་བ་ན་ཁྱེད་ཀྱི་བསམ་ངོར་ཡང་ད་ནི་ལྷམ་ཞིག་མ་ཉོས་ཚེ་ཚོང་བདག་ལ་ཁྲེལ་མེད་བྱས་སོང་སྙམ་པའི་སྣང་བ་སྐྱེ་ངེས་པས། སྐབས་དེར་ཁྱེད་ཀྱིས་ལྷམ་ཞིག་ཉོ་སྲིད་པའི་ཚད་གཞི་ཧ་ཅང་མཐོ་བ་རེད། ཚོང་བདག་ཚོས་ཐོག་མ་ཉིད་ནས་རིགས་ལམ་འདི་སྤྱད་དེ་ཁྱེད་རང་ཁོ་ཚོའི་བསམ་པ་ལྟར་གྱི་རེ་བའི་རྙི་རུ་ཚུད་པར་འབད་བརྩོན་གནང་བཞིན་ཡོད་མོད། ཁྱོད་ཀྱིས་དེའི་རྒྱབ་ལྗོངས་ཀྱི་ཚོང་ལས་ཀྱི་གཡོ་ཐབས་དེ་རྩ་བ་ཉིད་ནས་རྟོགས་མེད། དེ་བས་གཞན་གྱིས་བསམ་པ་རྣམ་དག་གིས་རང་ལ་ཕན་བཏགས་ན་དྲིན་དྲན་པ་དང་ཕྱིར་བཟོ་དགོས་པ་དེ་མིའི་རིགས་ཀྱི་ཆེས་མ་མཐའི་ཀུན་སྤྱོད་བཟང་བོ་དེ་ཡིན་པ་བཤད་མ་དགོས་ཀྱང་། སྐབས་རེར་ཕ་རོལ་བོས་ང་ཚོར་ཤུགས་རྐྱེན་བཟོ་འདོད་ཀྱི་བསམ་པས་དྲངས་ཏེ། ཕྱི་ཚུལ་གྱི་རྣམ་པས་ཕན་བཏགས་ཡོང་བ་ལ་སོགས་ཀྱི་གཡོ་ཐབས་རིགས་ལ་ཤིན་ཏུ་མཉམ་འཇོག་མཛད་དགོས་པ་རེད། མ་གཏོགས་ཕྱིར་ཕན་གྱི་རྩ་དོན་འདི་བེད་སྤྱད་དེ་ང་ཚོ་ནི། ཁོ་ཚོའི་ལག་ཆ་ལྟ་བུར་བསྒྱུར་ངེས་པའོ།། དེས་ན་འདིའི་རིགས་ཀྱི་ལེགས་ཉེས་དཔྱོད་པའི་ཤེས་རབ་ཀྱི་གྲོགས་དང་བཅས་ཏེ་གཞན་གྱི་གཡོ་ཐབས་སྔོན་འགོག་བྱ་ཤེས་རྒྱུ་དེ། དེང་དུས་འདིར་ཤིན་ཏུ་གནད་ཆེའོ།།

    མུ་འགོད།

    相关文章

      网友评论

          本文标题:ཕྱིར་ཕན་རྩ་དོན། ༡

          本文链接:https://www.haomeiwen.com/subject/exihiktx.html