དེ་རིང་སློབ་སྦྱོང་གང་འཚམ་ཞིག་བྱ་ཐུབ་སོང་། སྔ་དྲོར་བློ་འཛིན་གྲུབ་མ་ཐག་དུས་ཚོད་སུམ་བཞིའི་ཡུན་ལ་གཞུང་གི་སྐོར་གྱི་དཔེ་ཁྲིད་ཉན། ཕྱི་དྲོར་རྒྱ་ཡིག་གི་དཔེ་ཆ་ཀློག་འགྲེལ་གཉིས་ལ་མགོ་མཇུག་ཁ་ཚང་བ་ཞིག་ཉན་ཐུབ་སོང་བས་ཤེས་བྱ་གསར་བའི་ལེགས་སྐྱེས་ཀྱང་མང་བོ་རག་སོང་། དགོང་མོར་ཆུ་ཚོད་བརྒྱད་པ་ནས་དགུ་བའི་བར་དུ་དབྱིག་ཡིག་སློབ་ཁྲིད་ལ་ཞུགས། དེ་ལྟར་ན་ཉིན་གང་བོའི་དུས་ཚོད་ཕལ་ཆེ་བ་སློབ་གཉེར་ལ་བསྟིམས་པའི་བཟོ་འདྲ་བོ་ཡིན། ཡང་གནད་དོན་ཞིག་འབྱུང་བཞིན་པ་ནི། ལོབས་ཕྱོགས་ཤིག་གི་རྐྱེན་བྱས་ཏེ། ཉིན་རེའི་རྩོམ་ཐུང་རེ་འབྲི་བ་དེ་དགོང་མོར་མ་གཏོགས་ཉིན་ཀར་གཏན་ནས་འབྲི་འདོད་མི་སྐྱེ། མཚན་གུང་ཉལ་ཁ་ཞིག་ལ་ད་གཟོད་གཞི་ནས་ཆལ་ཆོལ་ཞིག་འབྲི་དགོས་པར་ཐུག་ཡོང་། དེའི་བར་དུ་ཕྱིར་འགྱང་བྱས་ན་གནད་དོན་ཚབས་ཆེན་ཞིག་མཆིས་པ་དེ། ཉལ་ཁར་དུས་ཚོད་ཀྱིས་དབང་གིས་གོང་ལྟར་ཉིན་གཅིག་གི་འགྲོ་འདུག་ཉལ་འཆག་གི་གོ་རིམ་ཙམ་ཡིག་ཐོག་ལ་ཕབ་པ་ལས་དོན་སྙིང་ཅན་གྱི་བརྗོད་བྱ་གཞན་གང་ཡང་གླེང་མི་ཐུབ་པ་དེ་རེད། གལ་ཆེ་བའི་བརྗོད་བྱ་གཞན་ཞིག་གླེང་མ་ཐུབ་ཚེ་རྩོམ་ཐུང་ཇི་འདྲའི་མང་བོ་བརྩེགས་ན་ཡང་རིན་ཐང་དང་ཚད་གཞིའི་ངོན་ནས་གླེང་རིན་མེད་པའི་གནས་སུ་འགྱུར་ཉེན་ཆེ་ན། དེ་ནི་གོལ་ལམ་ཆེན་པོ་ཞིག་གོ། སང་ཉིན་ནས་ཉིན་གུང་ལྟ་བུ་དུས་ཚོད་དང་ཁོམ་ལོང་ཡོད་པའི་སྐབས་དང་བསྟུན་ཏེ། བརྗོད་བྱ་དང་ཚད་གཞི། ཚིག་སྦྱོར་སྤེལ་སྟངས། རྩོམ་ལུས་ཀྱི་རིང་ཐུང་སོགས་གང་གི་ཐད་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ཤུགས་སྣོན་མ་བྱས་ཐུ་མེད་ཆགས་འདུག་ན། མུ་ནས་བརྩོན་འགྲུས་ཀྱི་རྟ་ཕོར་ལྕགས་ཀྱིས་བསྐུལ་དགོས་ཡོད་དོ།།
网友评论