དོན་ཆུང་གསུམ་ལས་ཀྲུང་གོ་དང་འཇར་མན་གྱི་སློབ་གསོའི་ཧེ་བག་གླེང་བ།
གཅིག “ཨ་མ་ལགས། ང་ལ་ཁྲོག་ལེ་ཀ་ར་ཞིག་དགོས།”
ཉིན་དེར་ངས་འཇར་མན་གྱི་སྒོ་རྩིས་ཚོང་ཁང་ཞིག་ནས་རྒྱལ་ནང་ན་རྒྱུན་དུ་གྱུར་པའི་གཅེས་ཕྲུག་གི་སྒྲ་དེ་ཐོས་བྱུང་། “འདི་ནི་མི་མང་འདུ་ར་ཡིན་པས་སྐད་གསང་མཐོན་པོས་སྐད་ཆ་བཤད་ན་གཞན་ལ་གནོད་པ་ཐེབས་སྲིད། གཟའ་འཁོར་འདིར་ང་ཚོས་ཉོ་འཆར་ཡོད་པའི་དངོས་པོ་ཚང་མ་འདི་ན་ཡོད།”ཅེས་བཤད་ཞོར་འཇར་མན་གྱི་ཨ་མ་དེས་སླེ་འཁོར་བསྟན། “གལ་ཏེ་ཁྱོད་ཀྱིས་རང་ཉིད་ལ་ཁྲོག་ལེ་ཀ་ར་ཉོ་བའི་ནུས་པ་ཡོད་ན་ཁྱོད་སོང་ནས་ཉོ་ཆོག མེད་ན་ཁྱོད་ཀྱིས་བློས་གཏོང་བྱེད་རྒྱུ་ལས་ཐབས་མེད་”ཅེས་བཤད།
ངས་ལྷོད་ཀྱིས་ཉོན་པས་ཚོར་སྣང་ཞིག་ལ་འདི་ནི་ཕལ་ཆེར་ལོ་གསུམ་བཞི་ཙམ་ལས་མ་སོན་པའི་བྱིས་པ་ཞིག་དང་སྐད་ཆ་བཤད་བཞིན་ཡོད་པ་ཡིད་ལ་འཆར་དཀའ། བྱིས་པ་དེ་ཡིས་མིག་རྡེབ་ཙམ་བྱས་ནས་ཐབས་མེད་པར་ཨ་མའི་རྗེས་དེད་དེ་དངུལ་བསྡུ་སྟེགས་བུར་སོང་།
བསམ་བློ་ཞིག་ཐོངས་དང་། གལ་ཏེ་རྣམ་པ་འདི་ཀྲུང་གོ་ནས་བྱུང་ན།གནས་ཚུལ་མང་ཆེ་བའི་འོག་ཏུ་ཁྱིམ་བདག་གིས་བྱིས་པའི་ངུ་སྐད་ཁྲོད་ནས་འོས་མེད་འགྲིག་ཐབས་བྱེད་པ་དེ་མཇུག་འབྲས་སུ་འཛིན་སྲིད།འོན་ཏེ་ལས་འདིས་མ་བུ་གཉིས་ཀྱི་བར་དུ་ལེ་བདའ་དང་ངུ་འབོད་ཅི་ཡང་མེད། འཇར་མན་གྱི་ཁྱིམ་བདག་ཚང་མས་རང་ཉིད་ཀྱི་བྱིས་པ་རང་མགོ་ཐོན་པའི་མི་ཞིག་ཏུ་བརྩི་བར་གོམས་ཡོད་ཅིང་། འཇར་མན་གྱི་བྱིས་པ་རྣམས་ཀྱང་ང་ཚོའི་བྱིས་པ་ལྟར་ངུ་བ་ནི་རང་ཉིད་ཀྱི་དམིགས་ཡུལ་འགྲུབ་པའི་‘མཚོན་ཆ་’ཞིག་ཏུ་བརྩི་བཞིན་མེད། འཇར་མན་དུ་མི་མང་འདུ་ར་དང་ཡང་ན་ང་འགྲོ་མྱོང་བའི་སྒེར་གྱི་ཁྱིམ་ཚང་གང་ཡིན་རུང་ཁྱིམ་བདག་གིས་གཤེ་གཤེ་གཏོང་བ་དང་ཡང་ན་བྱིས་པས་ངུ་འབོད་བྱེད་པ་ཐོས་རྒྱུ་ཧ་ཅང་ཉུང་། ཁྱོད་ཀྱིས་ཐོས་ཐོབ་པ་ནི་ཁོ་ཚོ་འདྲ་མཉམ་དང་ཕན་ཚུན་གུས་བཀུར་ལྡན་པའི་གླེང་མོལ་ཁོ་ནའོ༎
གཉིས། ཀྲུང་གོ་ནས་བྱིས་པ་ཆུང་ཆུང་མཐོ་སར་འཛེགས་པ་ནི་རྒན་པ་རྣམས་ཀྱིས་ཆེས་སེམས་ཁུར་བྱེད་པའི་དོན་དག་ཅིག་ཡིན། གལ་ཏེ་བྱིས་པས་སེམས་ཆུང་མ་བྱས་པར་ཐང་ལ་འགྱེལ་འགྲོ་བར་སྐྲག འོན་ཀྱང་མུའུ་ཉི་ཧའེ་ཡི་ཨའོ་ལིན་ཕེ་ཁུ་སྤྱི་གླིང་ནས་ང་རང་སྙིང་ཆེ་བའི་ཨ་ཕ་ཞིག་དང་འཕྲད།
མུའུ་ཉི་ཧའེ་ཡི་ཨའོ་ལིན་ཕེ་ཁུ་སྤྱི་གླིང་ནི་རི་ལ་བརྟེན་ནས་འཛུགས་ཡོད་པས་དཀན་གཟར་དང་རི་ལམ་ཧ་ཅང་མང་། སྤྱི་གླིང་གི་རྐང་རྩེད་སྤོ་ལོའི་ར་བའི་ཕྱི་ན་ཤིན་ཏུ་གཟར་པའི་རི་ལམ་ཞིག་ཡོད་ལ་ལམ་དེ་བརྒྱུད་ནས་སོང་ན་ད་གཟོད་རྐང་རྩེད་སྤོ་ལོའི་ར་བའི་ནང་ཁུལ་མཐོང་ཐུབ། ང་འདི་ནས་བརྒྱུད་དུས་བྱིས་པ་ཆུང་ཆུང་ཞིག་ལ་འདབ་ཏུ་ལངས་འདུག་པ་མཐོང་། ཁོས་ཕྱི་རྟིང་བཅགས་ཤིང་ལུས་པོ་གསེང་སྟེ་ནང་དུ་བལྟ་འདོད་མོད་ཀྱང་མིག་མདུན་གྱི་རི་ལམ་གཟར་བོ་ལ་གདོང་གཏད་དུས་བྱིས་པའི་མིག་ཟུང་དུ་བག་འཁུམ་པའི་རྣམ་པ་མངོན། སྐབས་དེར་བྱིས་པའི་ཨ་ཕ་ཡར་ཡོང་ནས་ཁོའི་ལག་པར་འཇུས་ཏེ་སྨྲས་པ“ཤོག ང་ཡི་ལག་པར་དམ་པོ་འཇུས་ཏེ་ཡར་ལ་འཛེགས། ང་ཡི་བུ་རྒོད་སྤོབས་པ་མ་ཞུམ།”བྱིས་པ་ཅུང་ཟད་ཐེ་ཚོམ་དང་བཅས་དལ་མོར་ཡར་འཛེགས་པས་རི་རྩེར་ཐོན་ལ་ཉེ་བའི་སྐབས་བརྗིད་ཉམས་ལྡན་པའི་རྐང་རྩེད་སྤོ་ལོའི་ར་བ་མཐོང་བས་བྱིས་པ་དགའ་སྤྲོའི་ངང་ནས་ཁ་ཚུར་འཁོར་ཏེ་ཨ་མར་ལག་པ་གཡུག ཏག་ཏག་སྐབས་དེར་ཨ་ཕས་ཕྲུ་གུ་ལག་པས་གློད་ནས་སྔོན་ལ་མར་རྒྱུག་པ་མ་ཟད་སྐད་གསང་མཐོན་པོས་“ང་ཡི་སྙིང་སྟོབས་ལྡན་པའི་གཅེས་ཕྲུག ཁྱོད་ཉིད་མར་ཤོག་དང་། ཁྱོད་ཀྱིས་སྒྲུབ་ཐུབ་ངེས་ཡིན་”ཞེས་བོས། དང་ཐོག་བྱིས་པར་དངངས་སྐྲག་ཅུང་ཟད་སྐྱེས་མོད། འོན་ཀྱང་ཁོས་ཨ་ཕའི་སྐུལ་མ་ཐོས་རྗེས་ཡིད་སེམས་ལྷོད་ལ་ཕབ་སྟེ་སེམས་ཆུང་སྒོས་རི་ལམ་གཟར་བོ་ལས་ཐུར་དུ་བབ། སྐབས་དེར་ཁྱོ་ཤུག་གཉིས་ཀྱིས་བུ་ཆུང་པང་དུ་བཟུང་ནས་ཕྲུ་གུས་བྱ་སྤྱོད་རླབས་ཆེན་གང་ཞིག་སྒྲུབ་ཡོད་པ་ལྟར་ཁོ་ལ་ཁ་སྐྱེལ་ཞིང་བསྔགས་བརྗོད་བྱས། ཨ་ཕས་བུ་ཕྲུག་སར་བཞག་རྗེས་ཁོའི་ངོ་གདོང་ལ་རེག་བཞིན“ད་རེས་གཞན་གྱི་རོགས་རམ་ལ་མ་བརྟེན་པར་རང་ཉིད་ཡར་འཛེག་ན་གང་འདྲ་འདུག”ཆེས་དྲིས།
ཉིན་དེར་ཁྱིམ་ཚང་འདིའི་བཟའ་མི་གསུམ་བརྒྱུད་པའི་དུས་སྟབས་ལེགས་པ་ཞིག་ལ་རྣམ་པ་འདི་མཐོང་བྱུང་བས་ངས་ཡུན་རིང་ཞིག་ལ་རྣམ་པ་དེ་བརྗེད་མི་ཐུབ། ལོ་བཞི་ལྔ་ལས་མ་སོན་པའི་བྱིས་པ་འདི་ལ་མཚོན་ནས་བཤད་ན། འདི་ནི་ཆེས་ཐོག་མ་ཡིན་སྲིད་ལ་ཆེས་ཐོག་མའི་སྙིང་སྟོབས་དང་སྒེར་ཚུགས་ཀྱི་ནུས་པ་ལ་ཁ་གཏད་པའི་སྦྱོང་བརྡར་ཞིག་ཀྱང་ཡིན། ཀྲུང་གོའི་ཕ་མས་བྱིས་པར་ཐུགས་ཁུར་ཟབ་བཞེས་ཀྱིས་སྲུང་སྐྱོང་གནང་བ་དང་མི་འདྲ་བར། འཇར་མན་གྱི་ཕ་མས་བྱིས་པ་ཁྱིམ་བདག་གི་འགེབས་སྲུང་དང་ཁ་བྲལ་ནས་སྤོབས་པ་ཆེན་པོས་རང་ཉིད་ཀྱིས་སྒྲུབ་འདོད་པའི་བྱ་བ་རང་རྐྱ་འཕེར་བའི་སྒོ་ནས་ལེགས་འགྲུབ་བྱེད་པར་སྣེ་ཁྲིད་བྱེད།
གསུམ། ཕྱི་རྒྱལ་གྱི་བུ་མོ་ཆུང་ཆུང་དག་ཀྱང་ཀྲུང་གོའི་བུ་མོ་དག་དང་འདྲ་བར་རས་ཨོ་ལོ་རྩེ་རྒྱུར་དགའ། རས་ཨོ་ལོ་ནི་ཀྲུང་གོའི་ཕ་མར་མཚོན་ནས་བཤད་ན། བྱིས་པ་ངུ་བའི་སྐབས་སུ་ཁོ་ཚོ་ལ་སེམས་གསོ་བྱེད་པའི་ལག་ཆ་ཞིག་ཡིན། འོན་ཏེ་འཇར་མན་ནས་ངས་རང་ཉིད་ཆུང་དུས་ནས་ཆ་རྒྱུས་ཡོད་པའི་རས་ཨོ་ལོ་ལ་རྩེད་ཐབས་གཞན་པ་ཞིག་ཡོད་པ་མཐོང་སོང་།
༿ང་ཡི་འཇར་མན་གྱི་ཁྱིམ་མཚེས་ཚང་ལ་ཧ་ཅང་སྙིང་རྗེ་བའི་བུ་མོ་མཚེ་མ་ཞིག་ཡོད། ཁོ་ཚོ་རྒྱུན་དུ་ངེད་ཚང་ལ་ཡོང་རྒྱུར་དགའ། ཡོང་ཐེངས་རེར་མི་རེས་བྱིས་པའི་རླངས་འཁོར་ཆུང་ཆུང་རེ་འདེད་ཅིང་ནང་དུ་པཱ་པི་བྱིས་པ་ཞིག་སྙལ་ཡོད། ངའི་སེམས་སུ་ལོ་གསུམ་ལ་སོན་མ་ཐག་པའི་བྱིས་པ་ཆུང་ཆུང་འདི་གཉིས་རང་ཉིད་ཕྲུ་གུའི་རླངས་འཁོར་ལ་མ་བསྡད་ན་ཆོག་གི་སུ་ཞིག་གིས་ད་དུང་མི་རེས་བྱིས་པ་རྫུན་མ་ཞིག་འདེད་འདོད་དམ། ངོ་མ་ངའི་ཁྱིམ་མཚེས་འདིས་ཅི་ཞིག་དྲན་བཞིན་པ་མི་ཤེས་སྙམ།༾
ཐེངས་ཤིག་དོན་དེ་གླེང་སྐབས་ཕྲུ་གུ་གཉིས་ཀྱི་ཨ་མས་དགོད་བཞིན་དུ་ང་ལ་བཤད་དོན“པཱ་པི་དེ་ནི་ཁོ་མོ་གཉིས་ཀྱི་རྩེད་ཆས་ཙམ་མ་ཡིན་པར་ཆུང་དུས་ནས་མི་གཞན་ལ་སེམས་ཁུར་དང་ལྟ་རྟོག་བྱེད་པའི་གོམས་གཤིས་འཇོག་པའི་སླད་དུ་ཡིན་ཞེས་བཤད་བྱུང་། པ་པེ་ལ་བདག་སྐྱོང་བྱེད་པ་དང་མཉམ་དུ། ཁོ་ཚོ་རང་གིས་རང་ལ་སྔར་ལས་ལྷག་པའི་སྒོས་དུས་ཚོད་ལྟར་མལ་ལས་ལངས་དང་ཉལ་བ། ཟ་མ་ཟ་བ་བཅས་བྱེད་དགོས་པའི་རེ་བ་ནན་མོ་བཏོན། པཱ་པི་ལ་བདག་སྐྱོང་བྱེད་པ་འདིས་ཁོ་ཚོར་སྔར་ལས་ལྷག་པའི་འགན་འཁྲིའི་འདུ་ཤེས་ཡོད་པ་མ་ཟད་རང་གཅུན་གྱི་ནུས་པ་མངའ།” སྐད་ཆའང་གསལ་བོ་ཞིག་བཤད་མི་ཤེས་པའི་བྱིས་པ་ཆུང་ཆུང་གཉིས་ཀྱིས་ཕྱོགས་གཅིག་ནས་རས་ཨོ་ལོ་ལ་ཉལ་ཐུལ་འགེབ་བཞིན་ཕྱོགས་གཅིག་ནས་ཁོ་ཚོར་བྱིས་གཉོར་ཁང་ནས་བསླབ་ཡོང་བའི་བྱིས་གླུ་གླེང་བཞིན་འདུག ང་དང་ཁོ་ཚོའི་ཨ་མ་ཕན་ཚུན་བལྟས་ནས་དགོད།
རྩེད་ཆས་གཅིག་མཚུངས་ཤིག་ལས་འཇར་མན་གྱི་ཁྱིམ་བདག་གིས་རྩེད་མོའི་ཁྲོད་དུ་ཁོ་ཚོའི་ཐུན་མོང་མ་ཡིན་པའི་ཁྱིམ་ཚང་གི་སློབ་གསོའི་མཐུན་རྐྱེན་བསྣན་པ་རེད། ཕྲུ་གུ་ལ་དར་མའི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་འདོན་པ་དང་། ལྟ་སྐྱོང་བྱ་ཡུལ་ནས་མི་གཞན་ལ་ལྟ་སྐྱོང་བྱེད་མཁན་དུ་འགྱུར་བར་བྱེད། འདི་ལྟ་བུའི་རྣམ་པ་འགྱུར་ལྡོག་བྱུང་བ་དེས་ཁོ་ཚོས་ཁྱིམ་བདག་དང་ཁོ་ཚོའི་རེ་འདུན་ལ་སྔར་ལས་མང་བའི་ངོས་འཛིན་གཅིག་མཐུན་བྱུང་བ་མ་ཟད། ཁོ་ཚོའི་འགན་འཁྲི་འདུ་ཤེས་གསོ་སྐྱོང་བྱེད་པ་ལའང་ཕན་ཐོགས་ཡོད།
ཀྲུང་གོའི་བྱིས་པ་ནི་ནམ་ཡང་ནར་མི་སོན་པ་དང་། ཡང་ན་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་བཤད་ན་ཀྲུང་གོའི་ཁྱིམ་བདག་རྣམས་ཀྱིས་ཁོ་ཚོ་ནར་སོན་དུ་འཇུག་མི་འདོད་པ་དང་ནར་སོན་རྒྱུ་མེད་པར་སྙམ། ཁོ་ཚོ་ཁྱིམ་བདག་གི་དྲོ་སྐྱིད་ལྡན་པའི་འདབ་གཤོག་འོག་འཚོ་བ་སྐྱེལ་བཞིན་ཡོད་པས་བདེ་འཇགས་ཀྱི་ཚོར་སྣང་དང་སྐྱིད་སྣང་དག་རིམ་གྱིས་གོམས་གཤིས་སུ་གྱུར་ནས་རང་མོས་ངང་འཕུར་སྐྱོད་བྱེད་པའི་གཤོག་རྩལ་ཉུང་པར་གྱུར། ཡིན་ཡང་འཇར་མན་དུ་ཁྱིམ་བདག་མང་ཆེ་བས་རང་གཅུན་ནུས་པ་དང་དར་མའི་གླེང་མོལ་བྱེད་སྟངས་ལ་བརྟེན་ནས་ཕྲུ་གུ་དང་འབྲེལ་འདྲིས་བྱས་ཏེ་སྔར་ནས་ཁོང་ཚོར་རང་ཉིད་ནི་རང་མགོ་ཐོན་པའི་ཁེར་རྐྱང་ཞིག་ཡིན་པ་ཤེས་སུ་བཅུག་པ་མ་ཟད། ཁོང་ཚོར་རང་ཚུགས་རང་བདག་གི་སྒོ་ནས་བྱ་བ་སྒྲུབ་པ་དང་གནད་དོན་ཐག་གཅོད་བྱེད་ཤེས་སུ་བཅུག་པ་རེད།
སློབ་གསོ་གཏོང་སྟངས་གཉིས་ཀྱི་ཐད་ང་ཚོས་རང་ཤེད་ཀྱིས་བཟང་ངན་བཤད་མི་རུང་། ཀྲུང་གོའི་སློབ་གསོ་རྣམ་པའི་འོག་ང་ཚོའི་བྱིས་པ་མང་ཆེ་བ་ཁྱིམ་ཚང་དང་ཁྱིམ་མི་ལ་བརྩེ་བ་ཟབ་མོ་ཡོད། འོན་ཀྱང་བྱ་ཕྲུག་ནི་གང་ལྟར་ཚང་དང་ཁ་བྲལ་དགོས་ཤིང་། ཁོ་ཚོ་མ་འཕུར་གོང་ནས་ང་ཚོའི་གཤོག་ཟུང་འོག་ནས་ཐར་དུ་བཅུག་སྟེ་ཆར་རླུང་གི་སྦྱོང་བརྡར་ཉམས་སུ་མྱོང་བར་ཚོད་ལྟ་བྱེད་དུ་འཇུག་དགོས་པ་མ་ཡིན་ནམ།
【ཡོང་ཁུངས། ཀྲུང་གོ་སློབ་གསོ་ཚགས་པར། ༢༠༡༩.༡༡.༡༡
网友评论