美文网首页
རང་ཉིད་ཀྱི་ལ་རྒྱ་འཛིན་དགོས།

རང་ཉིད་ཀྱི་ལ་རྒྱ་འཛིན་དགོས།

作者: SONAM0 | 来源:发表于2021-01-24 23:44 被阅读0次

    ལ་རྒྱ་ཞེས་པ་དེ་རྒྱ་ཆེ་ས་ནས་བཤད་ན་མི་རིགས་ལ་བཅངས་པའི་རིགས་རུས་ཀྱི་འདུ་ཤེས་དྲག་པོ་ཞིག་ལ་ངོས་འཛིན་བཞིན་འདུག་ལ། མང་ཆེ་བའི་དྲན་ངོར་ཤར་བའི་ལ་རྒྱ་དེ་ཡང་མི་རིགས་ལ་བཅངས་པའི་དུང་ཞེན་ཟབ་མོ་དེའོ།། དེ་འདྲའི་ལ་རྒྱ་དེ་དམ་པོར་འཛིན་དགོས་ན། མི་རིགས་ཀྱི་བླ་སྲོག་ཏུ་སྦྲུམ་པའི་སྐད་ཡིག་རིན་པོ་ཆེ་ཉམས་པ་སླར་གསོ་དང་མ་ཉམས་རྒྱུན་འཛིན་ཁོ་ནར་འབད་པ་ལས་ཁུ་ཚུར་གནམ་ལ་འཕྱར་བ་ཙམ་དང་ཀི་རིང་རེ་འཐེན་པས་ཅི་ཡང་མི་ཡོང་བ་དེ་རེད། དེ་བས་ལ་རྒྱ་དེ་འདྲ་འཛིན་བསམ་རུང་ཤེས་བྱ་རིག་གནས་ཀྱི་རྨང་རྡོ་བརྟན་པོ་ཞིག་བརྩིགས་ཐུབ་མེད་ན།  ཕྱི་ཚུལ་ནས་འཇོན་མདོག་ཅི་འདྲ་བསྟན་ཀྱང་ཁ་བཤད་ཆུ་ཡི་ལྦུ་བ་འཕྱུར་བ་ཙམ་ལས་ཅི་ཞིག་ནུས་སམ། དེ་ལས་ང་ཚོས་རྒྱ་ཆུང་ས་ནས་ལ་རྒྱ་འཛིན་ཤེས་རྒྱུ་དེ་གལ་ཆེན་དུ་མཐོང་སོང་། དཔེར་ན་བུ་ཕྲུག་ཚོས་ཕ་མའི་རེ་བ་སྟོང་ཟད་དུ་མ་བཏང་བར་རང་ཉིད་བུ་ཕྲུག་ཅིག་ཡིན་པའི་འགན་འཁྲི་ཆ་ཚང་ཐེག་པར་བྱས་ཏེ། མིག་སྔར་གྱི་སློབ་སྦྱོང་གི་བྱ་བ་སོགས་འཐུས་ཤོར་དུ་མ་སོང་ཞིག་བྱ་ནུས་ན། བུ་ཕྲུག་ཅིག་ཡིན་པའི་ལ་རྒྱ་བཟུང་བ་ཡིན་ལ། གྲྭ་བ་ཚོའི་ངོས་ནས་ཀྱང་སེར་མོ་བ་སྤྱིའི་མཚན་སྙན་ལ་གནོད་ངེས་པའི་སྤྱོད་ངན་མཐའ་དག་སྤོངས་ཅི་ཐུབ་ཀྱིས་རང་གི་འོས་འགན་གཙོ་བོ་ནང་བསྟན་ལ་ཐོས་བསམ་ལྷོད་མེད་བྱ་ནུས་ན། དེ་ནས་གྲྭ་བའི་ལ་རྒྱ་བཟུང་བ་མ་ཡིན་ནམ། དེ་བཞིན་དུ་སློབ་གྲྭ་བ་ཚོར་མཚོན་ནའང་། རང་གི་ཁྱིམ་མི་དང་རང་ཉིད་ཀྱི་མ་འོངས་པར་འགན་འཁུར་འདོད་ཀྱི་ཆོད་སེམས་བརྟན་པོའི་ངང་ནས་སློབ་གཉེར་གྱི་ངལ་བ་བ་ཁྱད་དུ་བསད་དེ། རེ་བ་དང་ཡིད་ཆེས་ཀྱིས་གང་བའི་མི་བུ་འཇོན་ཐང་ཅན་ཞིག་ཏུ་འགྱུར་བར་བརྩོན་པའི་དཀའ་བ་དང་དུ་ལེན་ནུས་ན། དེ་ལས་ལྷག་པའི་ལ་རྒྱ་གཞན་ཅི་ཞིག་འཛིན་དགོས། མདོར་ན་རང་ཉིད་གང་དུ་གཏོགས་པའི་ལས་རིགས་སམ་རང་གི་མིག་མདུན་གྱི་བྱ་བ་དེ་འཐུས་ཤོར་དུ་མ་སོང་བར་སོ་སོའི་ཕྲེང་སྟེང་ལ་བབས་པའི་འགན་འཁྲི་གང་དེ་ཅི་ནུས་ཀྱིས་ཐེག་པར་བྱས་ན། སོ་སོའི་ངོས་ནས་ལ་རྒྱ་བཟུང་ཚར་ལ། དེ་ནས་མི་རིགས་རིག་གནས་དང་བཅས་པར་དོན་གྱིས་ཕན་ཡོང་བ་ཡང་ཆོས་ཉིད་དོ།། དེའི་ཕྱིར་ན། རྒྱ་ཆུང་ས་ནས་རང་རང་གི་ལ་རྒྱ་འཛིན་ཤེས་རྒྱུ་དེ་གནད་རྩ་མཐར་ཐུག་ཏུ་མཐོང་ཡོང་ངོ་།།

    相关文章

      网友评论

          本文标题:རང་ཉིད་ཀྱི་ལ་རྒྱ་འཛིན་དགོས།

          本文链接:https://www.haomeiwen.com/subject/jkovzktx.html