ཨ་ཐང་ཆད་པའི་སེམས།
མདུན་སྐྱོད་ལམ་བུ་རྨོངས་བའི་སེམས་ཀྱིས་བལྟུམས།།
མཛེས་པའི་ལང་ཚོ་མེ་ཏོག་སད་ཀྱིས་བཅོམས།།
བསླུ་བྲིད་དུག་མདས་སྨྲས་པའི་བུ་མོ་ང་།།
མི་ཚོགས་སྐྱ་བོའི་ཁྲོད་ན་ཁེར་རྐྱང་ལུས།།
ཁ་བའི་གཟི་བྱིན་མུན་པ་ལེབ་མོའི་མནན།།
རྣམ་དཔྱོད་ཐོས་བརྩོན་སྒྱུད་ལུག་དབང་དུ་ཤོར།།
མཛེས་པའི་འཇོ་སྒེག་ཉམས་པའི་བུ་མོ་ང་།།
སྣོད་ལྡན་སློབ་བུའི་གྲལ་ནས་ཁེར་རྐྱང་ལུས།།
འཆད་རྩོད་རྩོམ་པའི་མཁྱེན་དཔྱོད་བདག་ལ་དཀོན།།
ཁྱད་འཕགས་བློ་གྲོས་ཁང་བཟང་དེ་བས་མེད།།
མེད་པ་སྟོང་གིས་གྲུབ་པའི་ཕུང་བོ་འདི།།
ཉེར་གཅིག་དུས་ཀྱི་ཁྲོད་ན་མཁོ་མེད་རེད།
བསླུ་བྲིད་རྒྱལ་མོའི་གཙེས་པའི་བུ་མོ་ང་།།
ཤེས་བྱའི་སྐྱེད་ཚལ་གླིང་ཀ་འགྲིམ་ན་ཡང་།།
ཐེག་དཀའི་གཡོ་སྒྱུ་ཕྲ་མོའི་བསླུས་གྱུར་ནས།།
མི་ཁའི་མེ་ལྕེ་བུ་མོའི་གྲོགས་སུ་སྦྱར།།
ལུས་ཀྱི་ཉིང་བཅུད་ཡལ་ནས་གཞན་གྱི་བྲན།།
རྣམ་ཤེས་ཕྲ་མོ་བོར་ནས་རུས་རྐང་ཟད།།
ཁྲེལ་མེད་གཞན་གྱི་བསླུས་པའི་བུ་མོ་ང་།།
སེམས་ལྡན་སྐྱེ་བོའི་ཁྲོད་ན་རྗེས་སུ་ལུས།།
ནང་བསྟན་རིག་གཞུང་སྲུང་བའི་མཐུ་ནུས་མེད།།
མཐོན་པོའི་སྟེགས་བུ་བསྙེག་པའི་སྤོབས་སེམས་བྲལ།།
ཤེས་རིག་དྲི་བསུང་འཐུལ་བའི་འཇིག་རྟེན་ནས།།
གངས་ཅན་གཟི་བྱིན་སྲུང་བའི་འཐུ་སྟོབས་བྲལ།།
མདོ་སྔགས་ལུང་རིགས་རིན་ཆེན་ནོར་བུའི་གཏེར།།
སྨན་ཆུང་ང་ཡི་ཉམས་སུ་མྱོང་འདོོད་ཡང་།།
རྣམ་གཡེང་དྲ་རྒྱའི་བཀག་སྡོམ་ནང་ཚུད་ནས།།
ཤེས་བྱའི་ཟེགས་མ་བརྡོལ་བའི་ཆུ་ཚད་དབེན།།
ཏ་ལའི་ལྷ་མོ།
网友评论