ཐོག་མར་བདག་གི་བརྒྱུད་པའི་བླ་མ་དུས་སྙིགས་རྩོད་ལྡན་བསྐལ་བ་འདི་རུ་ཟབ་མོ་རྫོགས་པ་ཆེན་པོར་ཉམས་ལེན་གྱི་རྩེར་སོན་པས་ཚེ་གཅིག་ལུས་གཅིག་ཐོག་ཏུ་ཕུག་པོ་ལྷག་འོད་ལུས་སུ་ཐིམ་ནས་མཐར་ཐུག་འབྲས་བའི་གོ་འཕང་ཐོབ་པའམ་ཞི་བ་བདེ་ཆེན་གླིང་དུ་དབུགས་འབྱིན་པའི་རྗེ་གྲུབ་དབང་ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་མཛོད་ཆེན་སྣ་ལྔར་གཙོ་བའི་རྗེའི་མཛོད་ལྔ་དག་སོགས་ཐོས་ཆུངཕྲན་གྱི་རྩ་བའི་བླ་མ་འཇིགས་མེད་དབང་ཕྱུག་ཉིད་གཙོར་བྱས་པའི་དཔོན་གསས་དགེ་མཚན་ཅན་མཚན་ལྡན་དུ་མའི་མདུན་དུ་བརྒྱུད་པ་མ་ཆད་མ་ལྷུང་ཞིང་སྒྲིབ་གཉིས་དྲི་མས་ཀྱང་འཕྲལ་ཙམ་ཡང་གོས་མ་མྱོང་པའི་ཁྲིད་ལུང་ཟབ་མོ་རྒྱ་ཆེར་ཐོབ་པ་ལས། བདག་གི་ཡང་དད་འདུད་མོས་གསུམ་རྒྱུད་ཐོག་ཏུ་ཆགས་པ་དང་འཆད་རྩོད་རྩོམ་གསུམ་ལ་དགའ་འདོད་ཡོད་པ། འདོད་པ་མཞིན་དུ་བསླབ་པས་ཤེས་རབ་གསུམ་གྱི་ཅུང་ཙམ་གཏན་ལ་ཕབ་པ་རྣམས་ཆུད་མི་ཟ་བའི་ཕྱིར་དང་། བདག་འདྲའི་མ་རིག་པས་འཆིང་ནས་ཁམས་གསུམ་དུ་ཁ་འཁོར། རིགས་དྲུག་གི་ལུས་བླངས།སྡུག་བསྔལ་གསུམ་པོས་གཟིར། སྐྱབས་མེད་མགོན་མེད་འཁོར་བའི་སྐྱེ་འགྲོ་ཡོངས་ལ་ཕན་བདེ་དང་བརྩེ་སེམས་མི་བཟོད་པ་ཞིག་བསྐྱེད་པའི་རྐྱེན་དང། ཡང་ན་རྣམ་གྲོལ་ལམ་དུ་ཐར་པ་ཆེན་པའི་ས་དང་ལམ་གྱི་རིམ་པར་བྱང་གོམས་འོང་ཕྱིར། ཁྱད་པར་རྩ་བའི་བླ་མའམ་གོང་མའི་མཚན་ལྡན་གྱི་ལོ་པན་མཁས་ཤིང་གྲུང་པོའི་རྗེས་སུ་ཡིད་རང་དང་། དེ་རྣམམ་ཀྱི་མཛད་རྣམ་སློབ་པར་འཇུག་འདོད་ཆུ་བཞིན་རྟག་ཏུ་རྒྱུན་ཆད་མེད་པར་ཡང་ནས་ཡང་བྱུང་བའི་མཐུ་སྟོབས། མ་ཚད་གཞུང་འདི་ཉིད་ཁོ་བོས་བསམ་ཚུལ་ཙམ་མམ་གསར་བཤད་དང་གསར་བསྟན་མ་ཡིན་པར་བཀའ་དང་བཀའ་བརྟེན་ནམ་ལམ་རིམ་གྱི་གཞུང་སུམ་བརྒྱ་པ་ལྟར་བུར་རྒྱབ་བརྟེན་བྱས་ནས་བདག་གཞན་ཀུན་ལ་ཕན་པའི་ཕྱིར། ཐེག་ཆེན་སེམས་བསྐྱེད་ཉམས་འོག་དུ་ཚུད་པ་དང་མཐའ་ཐུག་སེམས་ཅན་ཡོད་དོ་ཅོག་ཕ་རོལ་བདེ་ཆེན་མྱང་འདས་ཀྱི་སར་ཕྱིན་པའི་ཆེད་དུ། བྱང་ཆུབ་སྒྲུབ་ཐབས་ལམ་རིམ་ཙམ་འདི་རུ་བཀོད་འདོད་བྱུང་།
འོན་ཀྱང་། ཁོ་ན་རེ ང་འདྲ་བློ་དམན་བླུན་པོ་ཐོས་རྒྱ་ཆུང་ཆུང་ངམ་མཚན་དང་སྙན་གྲགས་གང་གི་ཆ་ནས་དབེན་པ་ཞིག་ལ་ཅིས་ཕྱིར་གཞན་པས་ཁེ་ལེན་རྒྱུ་རེད་ཅེ་ན། བྲིས་པར་དགོས་མེད་སྙམ་ནས་འཕྱར་ཀ་འདོད་ན དེ་ཡང་ནོར་བ་ཁོ་ན་ཡིན་ཏེ།
རྗེ་མཉམ་མེད་གསུངས་བཞིན་སངས་རྒྱས་བསྟན་པ་ལ་བཤད་སྒྲུབ་གཉིས་ཀྱིས་འཛིན་སྐྱོང་སྤེལ་དགོས་མོད། ཡང་ན་སངས་རྒྱས་བསྟན་པ་འཛིན་མཁན་ལ་གོས་དཀར་རལ་བའི་སྡེ་དང་གོས་དམར་འདུལ་སྡེས་འཛིན་དགོས་པ་ལས་གཞན་སུར་རག་ལས་པ་མ་ཡིན་ནོ།
དེས་ན་རྒྱལ་བའི་བསླབ་གསུམ་གང་རུང་འཛིན་པའི་སྡེར་ཁོང་གཏོགས་ན། སངས་རྒྱས་བསྟན་པ་ལ་འཆད་རྩོད་རྩོམ་གསུམ་དགོས་ཤིང་། དེ་དགོས་ན་དེ་དང་ཁ་འབྲལ་ཐབས་མེད་པ་སྲོག་རྩ་ལྟར་བུ་དེ། ཐེག་ཆེན་ལུགས་ལ་ཡང་གཞན་དོན་གཙང་བོ་ཡིན་མོད། དེས་ན་བདག་གིས་ཀྱང་འདི་ནི་རང་སེམས་གཙང་མའི་རང་མདངས་ཤར་ཙམ་ཡིན།
བྱང་ཆུབ་ཐར་པར་སྒྲུབ་པའི་ཉི་གུར་བློ་གསར་ཡིད་ཀྱི་གཞན་ཕན་སྙིང་པོ་བཞུགས་སོ།།
སངས་རྒྱས་དང་དབྱེར་མ་མཆིས་པའི་སྐྱབས་རྗེ་བླ་མར།།
སྒོ་གསུམ་གུས་ཏེ་བདག་ལ་ཐུགས་རྗེས་བཟུང་དུ་གསོལ།།
དྲངས་ངེས་མཐའ་རུ་ཕྱིན་པར་སྟོན་པའི་རྫོགས་སངས་རྒྱས།།
བདེན་གཉིས་དོ་རུ་མཉམ་པར་འདྲེས་པའི་གཡུང་དྲུང་བོན།།
རྒྱུ་འབྲས་ཚོགས་གཉིས་བསླུ་མེད་བསགས་པས་སེམས་དཔའི་སྡེ།།
སྐྱབས་ཀྱི་དཀོན་མཆོག་རྣམ་གསུམ་དད་བརྒྱའི་དབུས་སུ་བརྟེན།།
རབ་འབྱམས་རྒྱལ་བ་འཕགས་ཚོགས་ཡོངས་ཀྱི་མཁྱེན་པའི་ཆ།།
མ་ལུས་ལྷག་མེད་གཅིག་ཏུ་འདུས་བའི་རིན་ཆེན་མཛོད།།
སྐུ་མདོག་མཐིང་སྔོན་འོད་འཚེར་ལྷག་པའི་ལྷ་མཆོག་ཏེ།
རྗེ་བཙུན་སྨྲ་བའི་སེང་གེར་སྒོ་གསུམ་གུས་འཚལ་ལོ།།
མཚན་དཔེ་ཀུན་བཟང་ཕུན་ཚོགད་ལེགས་པས་བསྐྲུན་པའི་སྐུ།།
གདུལ་བྱ་མཐའ་ཡས་སེམས་ཅན་རེ་བ་སྐོང་བའི་གསུང་།།
ཇི་ལྟར་ཇི་སྙེད་མ་ལུས་ཡོངས་སུ་མཁྱེན་པའི་ཐུགས།།
དམུ་རིགས་གཙོ་བོའི་སྲས་སུ་མི་ཕྱེད་དད་པས་བཀུར།།
བརྩེ་དང་བྱམས་པའི་སྐྱ་རེངས་ཁྲི་གདུགས་གཞོན་ནུ་ལས།།
གཞན་ཕན་སྙིང་རྗེའི་འོད་སྟོང་ཀུན་དུ་གསལ་འཆར་བས།།
མ་རིག་འཚེ་བའི་མུན་པ་སེལ་ཞིང་འཇོམས་བྱེད་པའི།།
སྐྱབས་རྗེ་མཉམ་མེད་བླ་མའི་རྟ་བདུན་དབང་པོར་བསྔགས།།
སྡེ་སྣོད་འབུམ་ཁྲི་གཞུང་ལུགས་ཧྲིལ་བོའི་ངུར་སྨྲིག་འཛིན།།
མུ་སྟེགས་རྒོལ་ངན་དཔུང་ཚོགས་སྐད་ཅིག་ཉིད་དུ་བསྒྲལ།།
དུས་སྙིགས་ས་སྟེང་སྨྲ་དབང་སེང་གེའི་མཚན་རྙེད་པ།།
ཀུན་མཁྱེན་མངྒ་ཝེར་ཞིས་སྐྱེ་རྒུ་འདིར་སྲུངས་ཤིག།
རྒྱལ་བ་ཡོངས་ཀྱིས་བསྔགས་པའི་ལེགས་བཤད་སྒྲ་དབྱངས་སྒྲོག།།
རི་སུལ་དབེན་པའི་གསེང་ལ་བླ་མེད་བསམ་གཏན་སྒོམ།།
གངས་ཅན་བོད་ཁམས་ཁྲོད་ནས་རྣལ་འབྱོར་རྩེར་སོན་པ།།
ཤར་རྫའི་རྒྱལ་ཚོབ་འཇིགས་མེད་དབང་པོར་མོས་ཕྱག་འཚལ།།
གདོད་ནས་ཆོས་རྒྱལ་རྣམས་ཀྱིས་མཛད་པ་ཁྲིམས་དང་ཚུལ།།
གངས་ཅན་པ་ཡི་མ་ཡིག་སྲོག་ཟུངས་རྒྱུན་སྤེལ་གཏོང་།།
བདག་འདྲའི་རྨོངས་ཚོགས་ཆེད་དུ་བཀའ་བརྟེན་རྗེས་ཕྱུང་པའི།།
གནའ་བོའི་དཔོན་གསས་བཀའ་དྲིན་བསྙེལ་བ་ཅིས་ཆེད་སྲིད།།
དེས་ཕྱིར་ལུང་རིགས་འབྲུག་སྒྲ་སྨྲ་བའི་སྐྱེས་བུ་དང་།།
གྲུབ་དབང་ཤར་རྫའི་བླ་སློབ་ཞབས་ཀྱི་རྗེས་འཛིན་ནས།།
མ་གྱུར་སྐྱེ་འགྲོ་བདག་འདྲའི་མ་རིག་འཆིང་རྣམས་དོན།།
བླ་མར་ལས་ཐོས་གོ་རྣམས་ཅུང་ཟད་འདི་སྐབས་འཆེད།།
རྒྱལ་བསྟན་དགོངས་དོན་རྟོགས་པའི་འཕགས་པའམ་དམ་པ་དང་།།
མཆོག་གསུམ་དད་ཐོག་མེད་པའི་བླུན་རྒན་ལོག་ལྟ་ཚོར།།
བློ་དམན་ཕྲན་ཆུང་གཞུང་འདིས་སྐུལ་བ་མི་འོང་པས་།།
འཁོར་འདིར་བག་ཚས་ཐར་ལམ་འཇུག་འདོད་ཡོངས་ཀྱིས་གསོན།།
འདི་ནི་མཁས་འདོད་སྙན་གྲགས་ནད་ཀྱི་སྐྲངས་འབུར་མིན།།
འདི་ནི་ཁེངས་སེམས་ཕྲག་དོག་རྒྱ་མཚོའི་རྦ་རླབས་མིན།།
འདི་ནི་སེམས་ཅན་ཀུན་ལ་ཤིང་རྟའི་གསར་བཤད་མིན།།
འདི་ནི་ལྷག་བསམ་གཙང་མའི་རང་མདངས་ཤར་བ་ཡིན།།
དེ་ལ་འདི་ནས་བོན་ལ་གསར་དུ་སློབ་པའི་ལས་དང་པོ་བ་རྣམས་པས་བྱང་ཆུབ་ལམ་གྱི་རིམ་པར་དམིགས་ཚུལ་ཕྲན་ཙམ་བཀོད་པ་ལ། ཀུན་མཁྱེན་ཤར་རྫ་དང་རྗེ་མཉམ་མེད་བླ་མའམ་བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་དག་གིས་གཞུང་ལུགས་རླབས་ཆེན་འཆད་སྐབས་ས་བཅད་བཞིའི་སྒོ་ནས་འཇུག་མོད། འདི་ཡང་དེ་དང་ཕྱོགས་མཐུན་ས་བཅད་ཙམ་མ་གཏོང་བར་རྣམ་པ་གཉིས་ཙམ་གྱི་སྒོ་ནས།གདམས་པའི་འབྱུང་ཁུངས་བསྟན་པ། བསླབ་པར་གཞུང་ཉིད་འཆད་པའོ།
དང་པོ་ནི་འདི་ལྟར། ཇི་སྐད་དུ། ཆུ་མགོ་གངས་ལ་ཐུག་པ་མཞིན། ཐོག་མ་ཉིད་ནས་ལམ་གྱི་རིམ་པ་འདི། འོ་སྐོལ་ཚེ་ལོ་བརྒྱ་བའི་སྟོན་མཆོག་གཤེན་རབ་མི་བོ་ནས་རིམ་པར་བརྒྱུད་པ་མ་ཆད་མ་ལྷུག་པར་ཡོད་པ་ལོ་རྒྱུས་ན་མངོན་སུམ་གསལ། ད་རུས་ལམ་རིམ་གཞུང་གི་བརྒྱུད་པ་འདི། གདོན་མའི་མགོན་པོ་བོན་སྐུ་ཀུན་དུ་བཟང་པོའི་ཁྲོད་ནས་ཡོད་རུང་སྟེ། དེ་སྐད་དུ་ཐམས་ཅད་ཀུན་བཟང་ང་ཡིས་བཤད་ཅེས་གསུངས་སོ། དེ་ལས་རྫོགས་སྐུར་བརྒྱུད་དེ། སྟོན་པའི་ཐེག་འགྲེལ་ལས། དོན་གྱི་ངོ་བོ་བོན་སྐུ་གནས་པ་ལས་དེའི་ཡེ་ཤེས་རོལ་པ་རྫོགས་སྐུ་ཤར་བ་གསུངས་སོ། དེས་སྤྲུལ་སྐུར་བརྒྱུད་པ་ཡིན་མོད། དེ་ཡང་སྤྲུལ་སྐུ་ནས་བརྒྱུད་ལུགས་ནི། སྤྲུལ་སྐུ་ནི་ད་སྐབས་ང་ཚོའི་སྟོན་མཆོག་ཉིད་ཡིན། ཁོང་གདོད་མར་རང་རེ་ལྟར་སེམས་ཅན་ཐལ་མ་ཞིག་ཡིན།དེ་ནས་འགྲོ་ལ་སྙིང་རྗེ་བྱམས་པ་དགའ་བ་མི་བཟོད་པ་ཞིག་སྐྱེད་པ་ནས་བཟུང།་སེམས་ཅན་དོན་དུ་རྒྱུ་འབྲས་ཀྱི་ཚོགས་མ་ལུས་མང་བར་བསགས་པའི་མཐུས། སྔོན་ཚེ་སྟོན་པ་བསོད་ནམས་དབང་དྲུང་འདུན་སླེབས་ཏེ་སེམས་མཆོག་བསྐྱེད། ས་བཅུ་ལམ་ལྔར་རིམ་པས་བགྲོད་ནས། མཐར་ཐུག་འབྲས་བུ་སྐུ་བཞིའི་གོ་འཕང་མངོན་དུ་མཛད་པ། སྟོན་པའིམཛད་རྣམ་མདོ་རྒྱས་འབྲིང་བསྡུས་གསུམ་སོགས་གཟིགས་ན་རྒྱ་ཆེར་སྤྲོས་པས་འདིར་མང་དུ་དོགས་པས་མ་བྲིས་སོ། སྟོན་པ་ཉིད་བྱང་ཆུབ་རྙེད་རྗེས་གཤེན་ལྷའི་བཀའ་དང་སྔོན་ཚེར་སེམས་མཆོག་བསྐྱེད་པ་དབང་གིས་མི་འཇེད་འཇིག་རྟེན་འཛམ་གླིང་ཡུལ་སྟག་གཟིག་འོལ་མོ་ལུང་རིང་དུ་སྐུ་དངོས་སུ་བལྟམས་ནས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང་སྤོང་སྒྱུར་གྲོལ་ལམ་གྱི་བོན་སྒོ་འབྱེད་ཚུལ་ནི། ཇི་སྐད་དུ་ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འདུལ་བའི་གཉེན་པོར་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་ཡང་ངས་བཤད་ན་ཞེས་པ། སྟོན་པའི་བཀའ་ཡང་སྤྱིར་གྲངས་འདས་ཡོད་ཀྱང་མདོ་བསྡུས་ན། ཡེ་ཤེས་གསལ་སྒྲོན་ལས། བཀའ་རབ་འབྱམས་ཐེག་པ་བོན་གྱི་རྒྱ་མཚོ་ལས། མདོ་རུ་བསྡུས་ན་བཀའ་ཐོག་མཐའ་བར་གསུམ་དུ་འདུས། ཞེས་པས་སོ། འཁོར་ལ་ཡང་མང་ན་ཚུར་བསྡུས་ན་ཕྱི་འཁོར་ནང་འཁོར་གསང་འཁོར་དུ་འདུས་པས་སོ། དེ་ནས་བཀའ་རྣམས་གསེར་ཁང་དཀར་ནག་བཀྲ་གསལ་དུ་བཞག་རྗེས སྟོན་པ་གཤེན་ལོ་བརྒྱད་ཅུ་གྱ་གཉིས་དུས་མི་རྟག་ཚུལ་བསྟན་དགོངས་པ་བོན་དབྱིངས་སུ་གཤེགས་ནས་གདུང་འཚོབ་སྟོན་པ་གཉིས་པ་ལྟ་བུ་འཛམ་གླིང་སོ་ཀའི་མིར་བཀའ་དྲིན་ཆེ་བའི་མུ་ཆོ་ལྡེམ་དྲུག་བྱོན་ཏེ། ཇི་སྐད་དུ། ལུང་རིགས་མཛོད་སྐབས་སུ་གཉེར་གཏད་མདོ་ལས། མུ་ཆོ་ལྡེམ་དྲུག་རྒྱལ་འཚོབ་སྟེ། ད་ལྟ་ལྷ་མི་གནས་སུ་བཞུགས། བདག་ཉིད་མྱ་ངན་འདས་ནས་སུ། མི་ལོ་སྟོང་དང་བརྒྱད་བརྒྱའི་དུས། ནམ་མཁའི་ལྷ་བྲན་འཁོར་དང་བཅས། འཛམ་གླིང་འོལ་མོའི་གནས་སུ་བབས།གསེར་ཁང་དཀར་ནག་བཀྲ་གསལ་ན།བཀའ་ལས་བཀའ་བརྟེན་བོན་དུ་ཕྱེས། སེམས་ཅན་བློ་ཡི་ཚད་དང་སྦྱར། འཛམ་གླིང་ཕྱོགས་བཅུ་ཀུན་དུ་སྤེལ། གསུང་གི་བསྟན་པའི་ལས་དཔོན་མཛོད། ཅེས་དང་། དེའི་སློབ་མ་སྐྱེས་བུ་མང་ཡང་། ནང་ཚན་མཆོག་དུ་གྱུར་པའམ་དམ་པ་འཛམ་གླིང་མཁས་པའི་རྒྱན་དྲུག་བྱུང་ཞིང་།
མཁས་པ་མི་བཞི་སོགས་རིམ་བཞིན་བརྒྱུད་ནས་མ་ཚད་རྒྱལ་བ་རང་ཉིད་ཀྱི་བསྟན་བདག་གཤེན་སྟོན་ཀླུ་ཡི་དབང་པོས་དྲང་ངེས་མཐའ་ཡས་མཛད་པར་བརྟེན་ནས། ས་ལའི་ལྗོངས་འདིར་བཤད་སྒྲུབ་ཀྱི་ཤིང་རྟ་ཆེན་པོ་མཛད་པའི་རི་ཁྲོད་པ་ཡབ་སྲས་ཀྱིས་གཞུང་ལུགས་ཐམས་ཅད་གཅིག་ཏུ་དྲིལ་ནས་བསྟན་པ་འཛིན་ཕྱིར་སློབ་མང་སྐྱོངས་བའི་ནང་ཚན།
དངོས་སློབ་བླ་མ་ཡར་མེ་བ་ཤེས་རབ་འོད་ཟེར་ཀྱིས་ལམ་རིམ་གྱི་ཤིང་རྟའི་སྲོལ་ཆེན་མཛད་པར་ལམ་རིམ་སུམ་བརྒྱ་པ་གདམས། དེར་རྗེ་བླ་མ་ཡབ་སྲས་སོགས་མཁས་གྲུབ་དུ་མས་རྒྱས་འབྲིང་བསྡུས་གསུམ་གྱི་འགྲེལ་བ་རྒྱག་ནས་རིམ་བཞིན་བརྒྱུད་ནས་ད་ལྟའི་བར་དུ་ལམ་རིམ་བརྒྱུད་མཁན་གྱི་དམ་པ་རྣམས་གྱིས་ཉམས་སུ་བླངས། དེ་ལས་མདོ་ཁམས་ཡུལ་གྱི་རིད་ཁྲོད་གོང་མའི་སྲོལ་ལ་ཤིང་རྟ་ཆེན་མོ་རྗེ་མཉམ་མེད་ཀྱི་རྗེས་འཇུག་ཀུན་མཁྱེན་མྒང་ཝེར་ཞི་བྱུང་། ཁོང་གི་རིམ་བཞིན་བརྒྱུད་པ་དེ་ལྡན་གྱི་མཛོད་ལྔ་ནང་ཚན་ལམ་རིམ་སྐོར་ནས་བཀའ་ལུང་རྒྱ་མཚོ་དང་མདོ་སྔགས་རྫོགས་གསུམ་ཁ་གང་བའི་སྡེ་སྣོད་མཛོད་གདམས། དེའི་ཁྲིད་ལུང་ཆ་ཚང་བརྒྱུད་ལྡན། ཤར་རྫའི་རྒྱལ་ཚབ་གསུམ་པ་བདག་གི་བཀའ་དྲིན་བཞི་ལྡན་གྱི་སྙིང་ཐོག་བླ་མ་འཇིགས་མེད་དབང་ཕྱུག་གི་ཞལ་ནས་ཤར་རྫའི་མཛོད་ལྔ་དང་དེ་ལས་གཞན་ལམ་རིམ་མམ་ཁྲིད་ལུང་མང་བ་དྲི་མས་མ་གོས་པ་མཚན་དང་ལྡན་པའི་བླ་མའི་ཞལ་ནས་ནོན་ནམ་ཐོབ་སོང་།
གཉིས་པ་བསླབ་པའི་གཞུང་ཉིད་མཆེད་པར་གཉིས།
བཤེས་གཉེན་བླ་མ་བསྟེན་ཚུལ། གདམས་པར་བློས་ཇི་ལྟར་རིམ་པས་སྦྱོང་བ་དང་གཉིས།
དང་པོ་བླ་མ་བཤེས་གཉེན་བསྟེན་ཚུལ་ལའང་ས་བཅད་བཞི། བསྟན་དགོས་པའི་རྒྱུད་མཚན། བླ་མའི་མཚན་ཉིད་བརྟག་པ། བླ་མ་བསྟེན་མ་བསྟེན་གྱི་ཁྱད་པར། རྗེས་བྱར་བཀའ་དྲིན་ཞུ་ཚུལ་དང་སྐུལ་ལུགས། དང་པོ་ནི་འདི་ལྟར། ལུང་ལས་ཀྱང་། བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད། བསྐལ་བཟང་སྟོང་གི་སངས་རྒྱས་ཀྱང་། འབྱོན་ཚུལ་བླ་མ་དག་ལ་བསྟེན་ཞེས་གསུངས་སོ། ཤང་ལོ་ཀ་འདིའི་དོན་ལ་དཔྱད་ན་རྟོགས་སླ།
འུ་ཅག་ནས་བྱང་ཆུབ་སྒྲུབ་མཁན་སུས་ཀྱང་བླ་མ་མ་བསྟེན་ན་སངས་རྒྱས་ཐུབ་པར་རྒྱལ་བའི་བཀའ་དང་འཕགས་པའི་ལུང་གང་ལས་གྲགས་པ་མེད། དེད་དཔོན་ལ་མ་བསྟེན་པའི་རྒྱ་མཚོ་ཕ་རོལ་ནས་ནོར་བུ་བླངས་པའི་དཔེ་མི་སྲིད། དེས་ན་སངས་རྒྱས་གོ་འཕང་སྒྲུབ་པའི་ཐར་ལམ་ལྔ་གསུམ་བཅོ་ལྔ་ཡོད་ཙམ་གྱིས་ང་ཚོ་འདོད་དོན་འགྲུབ་ནི་མ། དེ་བསྟན་པ་པོའི་ས་མཁན་ཞིག་ཡིན་གཅིག་མིན་གཉིས་དགོས། མ་གཏོགས་ང་ཚོ་སྔར་སྦྱོང་བའམ་ཉམས་སུ་བླང་མ་མྱོང་། རྒྱུས་མེད་གསལ་སློབ་ཡིན་པས་རང་ཤེས་ནི་མི་བྱ། རང་བཟོ་དང་ཕོ་ཚོད་སྒོ་ནས་ས་ལམ་གྱི་ཡོན་ཏན་རྟོགས་གར་སྲིད། འོན་ན་བྱང་ཆུབ་ལ་བགྲོད་པའི་ས་མཁན་ནི་བླ་མ་ཡིན་པས་གཙོ་བོར་དཔོན་གསས་བླ་མ་བསྟེན་པའི་རྒྱུད་མཚན་ཡང་ཡིན། བླ་མ་ནི་ཐར་ལམ་བགྲོད་མཁན་ཚོར་མཚོན་ན་ཁོང་པའི་སྙིང་དང་འདྲ། ཁོང་པའི་སྙིང་མེད་ན་སྲོག་རྩ་ཆད་བཞིན། དཔོན་གསས་བླ་མ་མེད་ན་ཐར་པའི་སྙིང་པོ་མེད། ལས་ཐིག་ལས། དཔེར་ན་ལུས་ལ་སྙིང་མེད། སྲོག་ཆད་ནས་ནི་འཆི་བ་བཞིན། དཔོན་གསས་བླ་མ་མེད་པ་ན། ཐར་པའི་ལམ་བརྟེན་གཞན་ན་མེད། རིག་འཛིན་ཀུན་འགྲོ་གྲགས་པས་ཀྱང་། དུས་གསུམ་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི། མཁྱེན་བརྩེ་ནུས་པའི་མཐུ་སྟོབས་གཅིག་བསྡུས་པའི། རྒྱལ་བའི་སྤྱི་གཟུགས་ཡིན་པ་ཤེས་པའི་ངོས། དགེ་བའི་བཤེས་གཉེན་བླ་མ་བསྟེན་པ་བྱ་ཞེས་ཀྱང་གསུངས་འདུག སྡེ་སྣོད་མཛོད་རྩ་བ་ལས། ལམ་གནད་མ་ལུས་འཆང་བ་བླ་མ་སྟེ། དེར་བསྟེན་མི་བྱས་ཐར་བ་གང་ལས་ཚོལ་ཞེས་པ། བླ་མ་ནི་འཁོར་བའིསྡུག་བསྔལ་རྒྱ་མཚོ་གཏིང་ནས་ཐར་པར་འདྲེན་པའི་དེ་དཔོན། འཁོར་བའི་བཙོན་ར་བཤིས་པའི་དཔའ་བོ། འཁོར་བའི་རྨོངས་པ་གཅོད་པའི་རལ་གྲི། དེའི་ཕྱིར་ན་མཚན་ལྡན་བླ་མ་འདི་གནད་ཆེན་ནང་གི་ཡང་རྩེར་སོན་པས་བསྟེན་པ་ཅིས་མི་བྱ།
网友评论