美文网首页
བརྩོན་འགྲུས་ལས་བྱེད་ཐབས་གཙོ།

བརྩོན་འགྲུས་ལས་བྱེད་ཐབས་གཙོ།

作者: SONAM0 | 来源:发表于2020-12-06 21:56 被阅读0次

    བསྡུས་གྲྭའི་དཔེ་ཁྲིད་གནང་སྐབས་སུ་རྒན་གང་ཞིག་གིས་བསྡུས་གྲྭ་བརྩད་ནས་ཤེས་དགོས་པ་ལས་བསྡུས་གྲྭའི་ཁ་ཅིག་རེ་རེ་བཞིན་བློར་འཛིན་ལ་འབད་མཁན་ཚོས་ནི་བསྡུས་གྲྭ་སྦྱོང་སྟངས་རྦད་དེ་ནོར་བ་ཡིན་གསུངས་ལ། ཞོར་དུ་མཚན་ཉིད་པ་ཞིག་ཡིན་ན་ཆོས་གྲྭའི་རྩོད་པའི་དུས་ཚོད་དེ་ནི་དམ་འཛིན་གང་ལེགས་བྱས་ཏེ་འཕྲོ་བརླགས་སུ་མ་སོང་བ་ཞིག་ཡོང་རྒྱུ་དེ་དཔེ་ཆ་ཤེས་མིན་གྱི་གནད་གཙོ་བོ་ཡིན་ནོ།། ལྷག་པར་དམ་བཅའ་བས་ལན་འདི་ལྟར་བརྒྱབ་ན་ངས་ནི་ཕྱིར་རྟགས་གསལ་འདི་གཏོང་དགོས་པའི་ཚུལ་དང་རིགས་ལངས་པས་རྟགས་གསལ་དེ་ལྟར་བཏང་ཡོང་ན་ངས་ནི་ཕྱིར་ལན་འདི་ཉིད་རྒྱག་དགོས་སོ་ཞེས་སྔོན་ནས་བཟུང་སེམས་སུ་གྲ་སྒྲིག་ཕུན་སུམ་ཚོགས་པ་ཡོད་རྒྱུ་དེ་ཧ་ཅང་གལ་ཆེ། མ་གཏོགས་སྔོན་ལ་གྲ་སྒྲིག་མེད་པར་རྟགས་གསལ་གཏོང་བ་དང་ལན་རྒྱག་པ་ནི། དམག་ཐབས་དང་གྲ་སྒྲིག་གང་ཡང་སྔོན་དུ་མ་སོང་བར་དམག་འཁྲུག་རྒྱག་པ་གཉིས་སུ་མེད་པས་ཁྱེད་ཉིད་ཕམ་སྲིད་པ་ཐག་ཆོད་དོ་གསུངས། ལེགས་བཤད་འདིས་ནི་རང་ཉིད་ད་བར་དུ་ལམ་ལོག་ལ་སོང་བའི་རྒྱུ་རྐྱེན་གང་ཡིན་ཡང་ལྷང་ལ་ཕུད་འདུག་པས་བློ་སྐྱེད་ཆེན་པོ་རག་སོང་། རང་ཉིད་ཀྱིས་ལན་བརྒྱབ་པ་ཐམས་ཅད་ལ་གོ་བ་མེད་ཅིང་རྟགས་གསལ་གཏོང་ཁུལ་བྱས་པ་ཐམས་ཅད་གནད་ལ་མི་རེག་པའི་རྒྱུ་རྐྱེན་གཙོ་བོ་ཡང་སྔོན་དུ་གྲ་སྒྲིག་གང་ཡང་མེད་པར་སྐབས་ཐོག་སྐབས་ཐོག་ཏུ་ཡིད་ལ་གང་ཤར་ཕྱི་རུ་བྱོ་བས་ལན་སོང་བ་ནི་མངོན་སུམ་ཚད་གྲུབ་རེད།  དེས་ན་དོན་དངོས་སུ་གཞུང་དོན་ངོ་འཕྲོད་པ་དང་གོ་སྟོབས་ཆེ་བ། རིགས་ལམ་གནད་དུ་འགྲོ་མཁན་ཞིག་ཡོང་དགོས་ན། ཐོག་མར་རང་གིས་རང་ལ་ལན་རྒྱག་པ་དང་རྟགས་བསལ་གཏོང་བ། དྲི་བ་འདྲི་བ་ལ་སོགས་པའི་གོ་རིམ་དག་སྔོན་དུ་སོང་སྟེ། གཞུང་དོན་གང་ཉིད་ལ་རང་ཚོད་ཀྱིས་བརྡར་ཤ་ཡག་པོ་བཅད་ཟིན་པའི་རིམ་པ་གཉིས་པར་ད་གཟོད་གཞི་ནས་གཞན་དང་ལྷན་དུ་བགྲོ་གླེང་བྱ་རྒྱུའི་གོམས་གཤིས་ཆགས་རྒྱུ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་དམ་པའོ།། རྒྱུན་དུ་སློབ་གཉེར་གྱི་བརྒྱུད་རིམ་དེ་འདྲ་སྔོན་དུ་འགྲོ་ཐུབ་པ་བྱུང་ན། དེ་ནས་ལད་ཟློས་མིན་པའི་བསམ་གཞིག་གི་ནུས་སྟོབས་གོང་དུ་འཕེལ་ཞིང་རང་ཚུགས་ལྡན་པའི་ཤེས་རབ་ཀྱི་མྱུ་གུ་འབུས་ངེས་པ་ཡང་ཆོས་ཉིད་ལ་ཡིན་པ་དེ་ལྟར་རོ།།

    相关文章

      网友评论

          本文标题:བརྩོན་འགྲུས་ལས་བྱེད་ཐབས་གཙོ།

          本文链接:https://www.haomeiwen.com/subject/mtpawktx.html