ལོ་ཟླ་དུ་མའི་ཡར་སྔོན་ཞིག་ལ།།
སེམས་ཀྱི་ཕྱི་ནང་གསེང་གསུམ་མཐོང་ཞིང་།།
ཁ་ཁོག་གཉིས་མིན་སླད་མེད་འཛུམ་མདངས།།
མེ་ཏོག་པད་མ་བཞིན་དུ་གྲོལ་ཡོད།།
ཁ་ནས་བལྟས་ན་ཁོག་གི་ཡོད་ཚད།།
ལྷག་ལུས་མེད་པར་ཡིད་ལ་འོང་ཞིང་།།
གདོང་གི་ཤ་སྐྱི་གཉེར་བ་ཙམ་གྱིས།།
སེམས་ཀྱི་སྐད་ཆ་ཕལ་ཆེར་འགྲེལ་ཐུབ།།
ཁང་ལེབ་དཀར་པོའི་རྒྱབ་ཕྱོགས་ཤིག་ནས།།
སྙིང་གཏམ་གླེང་ཞོར་མཛུབ་ཆུང་གཉིས་པོར།།
སྐྲག་ཞོར་འདར་ཞོར་ཁབ་གཙགས་བྱས་ནས།།
མནའ་ཡ་ཁྲག་འཐུང་ཡིན་ཞེས་བཤད་ཡོད།།
དུས་ཀྱི་རྡུལ་རླུང་འཚུབ་སྐོར་ཞིག་གིས།།
རྐྱེན་དང་བར་ཆད་ཟེར་བཞིན་ཤོར་བའི།།
རང་ཚུགས་ཤོར་བའི་དམ་བཅའ་བརྗེད་འདུག།
ཕན་ཚུན་སེམས་ལ་ནག་ཐིག་བཞག་སོང་།།
སྐབས་དེའི་བུ་མོ་ང་ལ་མཚོན་ན།།
དགའ་རོགས་སྙིང་ལ་དམར་ས་ཞིག་གིས།།
བརྩེ་བ་བྲལ་ཞིང་སྡང་མདོག་བསྟན་ནས།།
ཁ་ཡ་མ་བྱས་གཡུགས་པ་དང་མཚུངས།།
མི་བཤད་མི་བཤད་འདི་ལྟར་མི་བཤད།།
སེམས་ཀྱི་ཚོར་བ་དཀྲུག་བྱེད་ཙམ་རེད།།
ཤོར་བའི་དུས་ལ་ཕྱིར་ལྡོག་མེད་ཀྱང་།།
རྙིང་བའི་རྨ་ཁ་ཕྱིར་ལ་མི་བགྲད།།
དེ་རིང་ཁ་སང་ཤེད་ཤུགས་བཏོན་ཡང་།།
ནུས་པ་མི་ཐོན་རང་རང་ས་རེད།།
དགོད་སྒྲ་ལྷང་སེ་བཏང་ཁུལ་བྱས་ཀྱང་།།
སེམས་པ་མ་རེད་ཤ་སྐྱི་ཙམ་རེད།།
ཕན་ཚུན་དྲན་རབ་མཁོ་རབ་བཤད་ཀྱང་།།
རང་གི་ཡིད་ན་རང་ལ་བསྟུན་པའི།།
གྲོགས་ཀྱི་མགུ་ཁ་གང་བ་འདྲ་རེད།།
སྙིང་གཏམ་ཟེར་ཡང་དགོད་གཏམ་ཙམ་རེད།།
གང་ལྟར་ཅི་ལྟར་ཅི་ཞིག་ཡིན་རུང་།།
རང་གི་ལུས་པོར་བདག་པོ་བརྒྱབ་ནས།།
འཚམ་པོ་བདེ་མོ་ཡིན་ན་བསམ་ཡོད།།
སྐྱིད་པོ་སྤྲོ་མོ་ཡིན་པའི་སྨོན་ལམ།།
རྒྱལ་ཡུམ་སྒྲོལ་མས།
网友评论