དབྱར་རྒྱུགས་དང་བྱ་དགའ་སྟེར་བའི་མཛད་སྒོ།
དེ་རིང་སློབ་ཕྲུག་རྣམས་ལ་ས་ཁྱི་ལོའི་དབྱར་ཁའི་བར་རྒྱུགས་བླངས་པ་ཡིན། ཐེངས་འདིའི་རྒྱུགས་གཞི་ནི་འཁྲིད་བྱའི་གཞུང་ཀ་དཔེ་<<ཐོན་མིའི་བཞད་སྒྲར་>>གཞི་བཅོལ་ཏེ་རྟེན་འབྲེལ་ལ་དམིགས་ནས་རྗེ་ཙོང་ཁ་བ་ཆེན་པོའི་བྱང་ཆུབ་ལམ་རིམ་ཆེ་བའི་སྟེང་ནས་སློབ་ཕྲུག་རེར་ཚེག་ཁྱིམ་ལྔ་བཅུ་ལྡན་པའི་ཚན་པ་གཉིས་རེ་བདམས་ཏེ་ཚན་པ་དང་བོ་ཕྲལ་ཀློག་དང་གཉིས་པ་སྦྱོར་ཀློག་བྱེད་དུ་བཅུག་ཅིང་དེ་ཡང་དག་གསལ་མྱུར་གསུམ་གྱི་ཁྱད་ཆོས་ལྡན་པ་སྔོན་འགྲོའི་ཆ་རྐྱེན་དུ་བཟུང་བ་ཡིན། སློབ་མ་རྣམས་ལས་ལོ་ཚོད་དང་སློབ་གྲྭར་འགྲིམ་པ་ལ་ལྟོས་ནས་རིམ་པ་གསུམ་དུ་བགོས་ཏེ་རེ་རེ་བཞིན་རྒྱུགས་བླངས་མཐར་བྱ་དགའ་འཐོབ་མཁན་གྱི་སློབ་མ་གསུམ་ཏེ་ངག་དབང་དཔལ་ཆོས་དང་ངག་དབང་རྒྱལ་མཚན། ངག་དབང་མཁས་གྲུབ་བཅས་བདམས་པ་ཡིན། བྱ་དགའ་ནི་རྟེན་འབྲེལ་གྱི་ཆེ་བ་ལ་དམིགས་ནས་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ལྟ་བའི་ལེགས་བཤད་ཆེན་མོ་ལྔའི་ཡ་གྱལ་བྱང་ཆུབ་ལམ་རིམ་འབྲིང་བ་དང་དྲང་ངེས་ལེགས་བཤད་སྙིང་བོ་ལྷན་དུ་སྡེབ་པའི་པོད་གཅིག་དང་གཟི་བརྗིད་དཔང་ཡིག སྒོར་ལྔ་བཅུ་དང་དྲི་མེད་ཁ་བཏགས་བཅས་ཕུལ་བ་ཡིན། ཐེངས་འདིའི་བྱ་དགའི་སྦྱིན་བདག་ནི་རང་དགོན་གྱི་གྲྭ་བ་ངག་དབང་ལྷག་བསམ་མཆོག་ཡིན་པས་ཁོང་ལ་ངེད་དགེ་སློབ་ཡོངས་ཀྱིས་བཀའ་དྲིན་ཆེ་ཞུས་པ་དང་ཆབས་གཅིག འབྱུང་འགྱུར་ཁོང་གི་བྱ་བཞག་ཐམས་ཅད་གེགས་མེད་ལྷུན་གྱིས་འགྲུབ་པ་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུའོ།།









___༢༠༡༨ལོའི་ཧོར་ཟླ་༥ཚེས་པ་༢༠ཉིན་གསེར་རི་དགའ་ལྡན་ཆོས་འཕེལ་གླིང་ནས།
网友评论