ཁ་སང་དེ་རིང་མང་ཆེ་བས་གླེང་བཞིན་པ་ནི། མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་གྱི་སྐོར་རེད། ཚང་མས་རྡུང་རྩལ་འཛོམས་ཤིང་སྐད་ངག་བདེ་བོ་འདུག་ཟེར་བའི་རྡུང་ལེན་པ་རེ་གཉིས་ལ་བོད་ཁམས་ཡོངས་ན་སྙམ་པའི་གྲགས་པ་འབར་བཞིན་འདུག ངོས་རང་ནི་སྲོལ་རྒྱུན་གྱི་རྡུང་ལེན་དང་གླུ་གར་ལ་དགའ་བ་ཙམ་ལས་དེ་འབྲེལ་གྱི་རིག་གནས་ལོ་རྒྱུས་དང་རྒྱབ་ལྗོངས་ཀྱི་ཤེས་བྱ་གང་ལ་ཡང་རྗེས་མངའ་སྤུ་ཙམ་མེད་པས་ཚོར་ངོ་ཙམ་ནས་འདི་བཟང་གན་ཞན་གྱི་དབྱེ་དབྱེད་བྱེད་པར་དགའ་བ་དེའི་སྐོར་རོ།། དེ་བས་གླུ་གར་རིག་གནས་ཀྱིས་དབུལ་བའི་ཁོ་བོས་གང་ཞིག་གླུ་བ་ཚད་ལྡན་ཡིན་མིན་དང་རྡུང་རྩལ་ཁྱད་པར་བ་ཡིན་མིན་གྱི་སྐོར་དེ་མི་གླེང་བར་བྱ། གླེང་བས་ཀྱང་ཆ་འཇོག་ཅི་ཡང་མེད་པའི་མི་ནག་ལག་སྙོབ་ཀྱི་དཔེ་རུ་འགྲོ་ངེས། དེ་ལས་ཐེངས་འདིའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་ནི། ལོ་སྔོན་མ་དག་དང་བསྡུར་ན། ཕྱིའི་རྣམ་པ། ནང་གི་བཀོད་སྒྲིག གར་སྟེགས་ཀྱི་ཆ་རྐྱེན། མདོ་འཛིན་པའི་བཤད་རྩལ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་སུ་སོང་ཡོད་པའི་རྣམ་པ་ཞིག་སྒོ་ཀུན་ནས་མངོན་ཡོང་བས། དེ་ནི་ཆེས་གླེང་རིན་ཡོད་པ་ཞིག་རེད་ལ་དགའ་འོས་པའི་གྲུབ་འབྲས་ཤིག་ཀྱང་རེད་བསམ་སོང་། ལོ་རེ་ནས་ལོ་རེར་འདི་ལྟར་གོམ་པ་རིམ་བགྲོད་ཀྱིས་ཡར་རྒྱས་སུ་འགྲོ་བཞིན་པ་འདིས་ནི། རེ་བ་ཞིག་དང་ཡིད་ཆེས་ཤིག་ཀྱང་བསྐྲུན་ཡོང་། བལྟས་འཇོག་གིས་བཀོད་སྒྲིག་ཡོད་ལ། གོ་རིན་ལྡན་པ། ཚད་གཞི་ལོང་བའི་ལམ་ནས་གཞི་རྒྱ་ཆེ་བའི་འགྲན་བསྡུར་འདི་འདྲ་བསྡུ་བ་ནི། གཅིག་ནས་ན་གཞོན་མང་བོར་ཕུགས་བསམ་གྱི་སྒྲོན་མེ་སྤར་བའི་གོ་སྐབས་སྤྲད་པ་ཡིན་པ། གཉིས་ནས་བོད་ཀྱི་གླུ་གར་རིག་གནས་ལ་ཆེ་སྲོག་གསར་ཞིག་བསྐྲུན་པའི་སྟ་གོན་ཡང་ཡིན་པས་ན། མི་རིགས་ཞིག་ལ་མཚོན་ན་འདི་ནི་ཆེས་གལ་ཆེ་བའི་འཕེལ་ཕྱོགས་ཤིག་གོ།
网友评论