ཤིན་ཏུ་ཆེ་བའི་རང་ཉིད་ཀྱི་སྐྱོན་ཆ་ཞིག་ངོས་ཟིན་འབྱུང་བཞིན་པ་ནི། ཡིད་སེམས་རྩེ་གཅིག་ཏུ་སློབ་གཉེར་ལ་མི་གཞོལ་བའི་ཕན་དུ། ཁོམ་སྐབས་ནམ་ཡོད་ལ་སྙིང་དོན་དབེན་པའི་བྱ་བ་ཉག་ཉོག་ལ་ཕྱོགས་འགྲོ་བ་དེ་རེད། ཞོགས་པ་ལངས་འཕྱི་བ་དང་བརྩོན་སེམས་ཆུང་བ། རང་འདོད་ཆེ་བ་སོགས་ཀྱིས་ཐོག་མའི་རྐྱེན་བྱས་ཏེ། ཉིན་གང་གི་དུས་ཚོད་ཕལ་ཆེ་བ་དོན་མེད་ཀྱི་ངང་ནས་འདས་འགྲོ། སློབ་གཉེར་གྱི་བགྱི་བ་རེ་བརྩམས་ཀྱང་ཡུན་ཐུང་བ། གནད་དུ་མི་འགྲོ་བ། རྩིང་རགས་ཆེ་བ། མིག་གིས་དཔེ་ཆར་བལྟས་ཀྱང་སེམས་ཀྱིས་ཁམས་འགྲིམ་ཅེས་པའི་དཔེ་ལྟར་དམིགས་འདུན་དང་ལག་ལེན་འགལ་ཟླར་སོང་སྟེ། ནུས་ཆོད་ཅི་ཡང་མེད་པ་ཞིག་ཏུ་ཆགས་བཞིན་འདུག་ན། འདི་ནི་ཆེས་ཚབས་ཆེ་བའི་སློབ་གཉེར་གྱི་འགལ་རྐྱེན་ཐ་ཆད་ཅིག་གོ། ལན་རེར་ཨམ་གཙིགས་སྡོམ་བཞིན་རང་སེམས་རང་གི་དབང་དུ་ཡོང་བར་ཅི་ནུས་ཀྱིས་འབད་ཀྱང་ཡིད་སེམས་ཀྱི་གཏིང་རིམ་ན་སློབ་གཉེར་དགའ་བའི་འདུ་ཤེས་རང་ཚུགས་ཐུབ་པ་ཞིག་གཏན་ནས་མེད་སྟབས་འབད་པ་ཡོད་ཚད་ཕྱི་ཚུལ་ཙམ་དང་བཅོས་མ་ཙམ། སྐད་ཅིག་ཙམ་དུ་བུད་འགྲོ། ངན་གཤིས་དེས་བསྐྲུན་པའི་མིག་རྒྱང་ཐུང་ལ་གུ་དོག་པའི་བསམ་བློའི་འཆང་རྒྱ་དེ་ལས་གྲོལ་མར་མ་ནུས་ཚེ། མ་འོངས་པའི་ཕུགས་བསམ་དང་མི་ཚེའི་རིན་ཐང་མངོན་གྱུར་བྱེད་པ་ཐབས་ཅད་རྨི་ལམ་དང་སྟོང་བསམ་འབའ་ཞིག་ཏུ་གྱུར་ངེས་པ་ཡང་རྒྱུ་འབྲས་ཀྱི་ཆོས་ཉིད་དོ།།
网友评论