བཞི་བ་འཁོར་བའི་ཉེས་དམིགས་བསྟན་པ་ལ།
༧ ཆུ་བོ་དལ་དུ་འབབ་ན་ཡང་། །
ཐུར་དུ་འབབ་པ་ཁོ་ནའོ། །
འཁྲུལ་བའི་ལས་སྤྱོད་བཟང་མོད་ཀྱང་། །
སྡུག་བསྔལ་རྒྱུ་བསོགས་ཁོ་ནའོ། །
ཞེས་པས་ནི། གཤམ་ན་འབབ་བཞིན་པའི་ཆུ་བོ་དེ་ཉིད་བྲེལ་འཚུབ་སོགས་མ་ཡིན་པར་ཧ་ཅང་དལ་མོ་ཉམས་དང་ལྡན་པའི་སྒོ་ནས་འབབ་བཞིན་ཡོད་ཀྱང་། དེ་ནི་ནམ་ཡངས་ཐུར་དུ་འབབ་པ་ཁོ་ན་ཡིན་པ་ལས་གཞན་གང་དུ་ཡང་མི་འབབ་པ་ལྟར་དུ།
འཁྲུལ་བའི་ལས་སྤྱོད་སྟེ་ཆགས་སྡང་རྨོང་གསུམ་གྱི་དབང་གི་སྒྲུབ་བཞིན་པའི་འཁོར་བའི་ལས་སྤྱོད་འདི་དག་སྐྱེ་བོ་ཐ་མལ་པ་རང་ཅག་གི་ངོར་ཤིན་ཏུ་བཟང་པོ་དང་ཡག་པོ་ལྟར་སྣང་ཞིང་འཛིན་པ་ཡིན་ན་ཡང་། ལས་སྤྱོད་འདི་དག་གིས་ནི་སྡུག་བསྔལ་གྱི་རྒྱུ་བསོགས་པ་ཁོ་ན་སྟེ། འདི་ལྟར་བདེ་བ་ཀུན་གྱི་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་ནི་སྒུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་རྒྱུ་མི་དགེ་བ་ཞོར་དང་ཤུགས་ལ་བསོགས་པ་ཡིན་དེ། སྔར་ནས་གོམ་ཤིང་འདྲིས་ཆེ་བའི་དབང་གི་ཞེ་སྡང་དང་ང་རྒྱལ་འདོད་ཆགས་དང་གཏི་མུག་དེ་དག་ཐ་ན་མཚན་གྱི་རྨི་ལམ་ཚུན་ཆད་དུ་ཡང་།
ཞོར་དང་ཤུགས་ལ་སྐྱེ་ཞིང་ལྡོང་ཡོང་བ་འདི་དག་ཁ་ནང་དུ་འཁོར་ནས་རང་གི་རང་ལ་ལན་གཅིག་བསམ་བློ་བཏང་ན་ཤེས་ནུས་པ་འདི་དག་ཁོ་ན་ཙམ་གྱི་ཀྱང་འཁོར་བའི་ཉེས་དམིགས་ཤེས་ཐུབ་པ་ཡིན། དེ་ལས་གཞན་པའི་ཞིང་ལས་དང་ཕྱུགས་ལས་ཐ་ན་གོམ་པ་སྤོ་བ་ལ་ཡང་འབུ་རིགས་གསོད་པའི་ཉེས་དམིགས་སོགས་བསམ་ཀྱི་མི་ཁྱབ་པ་ཡོད་པ་ཡིན་ནོ།
༧ སྲོག་ཆགས་ཆུ་ལ་གནས་པ་རྣམས། །
བྱེ་ཐང་ཕྱིན་ན་སྡུག་བསྔལ་མྱོང་། །
དེ་བཞིན་ཚེ་འདིར་བདེ་བསྒྲུབ་ན། །
འདི་ནས་ཚེ་འཕོས་སྡུག་བསྔལ་མྱོང་། །
ཞེས་པས་ནི། སྲོག་ཆགས་ཆུ་ལ་གནས་པ་སྟེ་ཉ་དང་ཉེའུ་ལ་སོག་ཆུ་ནང་དུ་གནས་འཆའ་བའི་སེམས་ཅན་དེ་རྣམས་ནི། བྱེ་མའི་ཐང་ངམ་སྐམ་ས་རུ་ཕྱིན་ན་ཚ་གྲང་གི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་ཡིན་ཀྱི།
དེ་དང་དེ་བཞིན་དུ་ལྟོ་གོས་གཏམ་སོགས་ཚེ་འདིས་བདེ་བ་ཙམ་དང་མིང་སྙན་གྲགས་སོགས་འཇིག་རྟེན་བོན་བརྒྱད་ཀྱི་བྱ་བ་ཁོ་ན་བསྒྲུབ་བསྡད་ན། གནས་སྐབས་བདེ་བ་ཙམ་ཞིག་ཡོད་པའི་སྣང་བ་འཆར་ཀྱང་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ན་སྡུག་བསྔལ་ཁོ་ན་མྱོང་བ་ཡིན་ཏེ།
དེ་ཡང་ཚེ་འདིར་ཤ་ཟ་འདོད་དང་པགས་གྱོན་འདོད་ཀྱི་སྲོག་བཅད་པ་ན་ཕྱི་མ་དེའི་འབྲས་བུ་ཡི་དྭགས་ཀྱི་ལུས་སུ་སྐྱེས་ནས་ཟས་སྐོམ་མི་རྙེད་པ་དང་དམྱལ་བ་གྲང་དམྱལ་དུ་སྐྱེས་ནས་གོས་མེད་གཅེར་བུར་ལུས་དུམ་བུར་གས་པ་སོགས་སྡུག་བསྔལ་མྱོང་བ་ལུང་ལས་གསུང་པ་ལྟར་ཡིན་ལ།
དེ་བཞིན་ཏུ་ཞེ་སྡང་དབང་གིས་སྲོག་བཅད་པ་དང་གཏི་མུག་དབང་གིས་སྲོག་བཅད་པ་སོགས་ལ་ཡང་རང་རང་གི་འབྲས་བུ་ཡིད་དུ་མི་འོང་བ་ཁོ་ན་ཡོད་པ་ལས་བདེ་བ་ནི་སྐད་ཅིག་ཙམ་ཡང་ཡོད་པ་མ་ཡིན་ནོ།
༧ སྲིན་བུ་དག་ལ་སྤུ་སྐྱེས་པ། །
དེས་ནི་རང་སྲོག་གཅོད་པར་བྱེད། །
སེམས་ཅན་ཉོན་མོངས་རང་ལ་ལྡང་། །
དེས་ནི་འཁོར་བར་འཁྱམས་པར་བྱེད། །
ཞེས་པས་ནི སྲིན་བུ་ཕྲ་མོ་དག་གི་ལུས་ལ་སྤུ་སྐྱེས་ཡོད་ཅིང་དེས་ནི་སྡོམ་གྱི་རྒྱ་དང་བལ་སོགས་ལ་ཐུག་པ་དང་འཕྲད་པ་བྱུང་ཚེ་དེ་ལ་འཐོག་ནས་རང་སྲོག་ཤོར་བར་བྱེད་པ་ཡིན་པས། དེ་བཞིན་ཏུ་རང་རེ་སེམས་ཅན་ཐམས་ཅད་ཀྱི་ནི་ཉོན་མོངས་རང་ལ་ལྡང་བའམ་ཆགས་སྡང་སོགས་ཉོན་མོངས་སྐྱེ་བ་དེ་དག་རང་རྒྱུད་ལ་ལྡང་བ་ཁོ་ན་ཡིན་པས། དེས་ནི་གཞན་གང་ཡང་མི་འགྲུབ་ཅིང་ རང་ཉིད་འཁོར་བའི་གནས་སུ་འཁྱམས་ནས་སྡུག་བསྔལ་མྱོང་བར་བྱེད་པ་ཡིན་དེ།
དཔེར་ན་ང་ཚོས་དཔྱིད་ཀ་རང་ཉིད་ཀྱི་ས་ཞིང་དུ་ནས་དང་གྲོ་གང་ཞིག་བཏབ་ན་སྟོན་ཁ་དེ་ཉིད་འབྱུང་བ་མི་བསླུ་བ་བཞིན་ཏུ།
རྒྱུ་དགེ་བ་བསྒྲུབ་ན་འབྲས་བུ་བདེ་བ་དང་རྒྱུ་སྡིག་པ་བསགས་ན་འབྲས་བུ་སྡུག་བསྔལ་འབྱུང་བ་ཡང་དེ་བཞིན་བསླུ་བ་མེད་པ་བཀའ་ལུང་ཇི་སྙེད་ཅིག་ལས་གསུངས་སོ།
༧ མི་གཙང་བ་ཡི་ཁྲོད་ནང་དུ། །
དྲི་ཞིམ་བྲོ་བ་མེད་བཞིན་དུ། །
འཁོར་བའི་གནས་སུ་འཁྱམས་པ་ན། །
དེ་ལ་བདེ་བ་གཏན་མེད་དོ། །
ཞེས་པས་ནི། དེ་ཡང་མི་གཙང་བ་རོ་རུལ་དང་དྲི་ཆེན་ལྟ་བུས་ཁྲོད་དམ་དེ་འདྲའི་ནང་དུ་ཕྱིན་ན་དྲི་ཞིམ་པོ་ཞིག་དུས་དང་རྣམས་པ་ཀུན་དུ་བྲོ་བར་མི་འགྱུར་བའམ་མེད་པ་བཞིན་དུ།
རིགས་དྲུག་འཁོར་བའི་གནས་གང་དུ་སྐྱེས་ཀྱང་བདེ་བ་ཞིག་གཏན་ནས་ཡོད་པ་མ་ཡིན་ཏེ་དཔེར་ན་འཁོར་བའི་གནས་ལ་བདེ་བ་མེད་པ་ནད་པའི་མལ་ས་དང་འདྲ།
འཁོར་བའི་ལས་སྤྱོད་ལ་ཟད་པ་མེད་པ་ཆུའི་གཉེར་མ་དང་འདྲ། སྡུག་བསྔལ་སངས་པ་དཀའ་བ་ནད་མུག་གི་ནམ་ཟླ་དང་འདྲ། སྤྱོད་ཀྱང་ཚིམ་པ་མེད་པ་ནད་ཟ་ཕྲུག་ཅན་གྱིས་ཟིན་པ་དང་འདྲ། བྱས་པའི་དོན་ལ་བརྟག་ན་སྙིང་པོ་མེད་པ་འཇའ་ཚོན་དང་འདྲ་བ་སོགས་འཁོར་བ་སྤྱིས་སྡུག་བསྔལ་བསམ་ཀྱིས་མི་ཁྱབ་པ་ཡོད་དོ།
བྱེ་བྲག་ཏུ་དམྱལ་བ་ལ་ཚ་གྲང་དང་ཡི་དྭགས་ལ་བྲེས་སྐོམ།
བྱོལ་སོང་ལ་གླེན་སྐུག་མི་ལ་བྲེལ་འཕོང་ལྷ་མིན་ལ་འཐབ་རྩོད་ལྷ་ལ་ཕམ་ལྟུང་སོགས་སྒོས་ཀྱི་སྡུག་བསྔལ་ཡང་བསམ་ཀྱི་མི་ཁྱབ་པ་ཡོད་པ་དག་ལས་འཁོར་བ་ལ་སྐྱེས་ན་སྡུག་བསྔལ་མ་གཏོག་བདེ་བ་གཏན་ནས་མེད་པ་ཤེས་པར་བྱ་ཞིང་འཁོར་བའི་ཉེས་དམིགས་རིག་པར་བྱའོ།
༧ ཙན་དན་སོལ་བའི་ཞུགས་ནང་དུ། །
བསྲེག་ན་བཟོད་བླག་མེད་པ་བཞིན། །
ངན་སོང་གསུམ་གྱི་སྡུག་བསྔལ་ལ། །
སྤྱོད་དགོས་བྱུང་ན་བཟོད་བླག་མེད། །
ཞེས་པས་ནི། དེ་ཡང་ཙན་དན་གྱི་སོལ་བ་བུས་པའི་མེ་ཡི་ནང་དུ་བསྲེག་ན་ཚ་བ་བཟོད་བླག་མེད་པ་མྱོང་བ་ཡིན་གྱི། དེ་བཞིན་དུ་ངན་སོང་གསུམ་གྱི་སྡུག་བསྔལ་ལ་སྤྱོད་དགོས་བྱུང་ན་སྡུག་བསྔལ་བཟོད་བླག་མེད་པ་མྱོང་བར་བྱེད་དོ་ཞེས་པའོ།
དེ་ཡང་ངན་སོང་གི་སྡུག་བསྔལ་ནི། དམྱལ་བ་ལ་ཚ་དམྱལ་བརྒྱད་པོ་ནི་འོག་གི་ས་གཞི་ལྕགས་སྲེག་ཁོ་ན་ཡིན་ཅིང་ཕྱོགས་འཚམས་ཐམས་ཅད་ནས་མེ་རབ་ཏུ་འབར་དེ་སྲེག་པ་ཡིན་གྱི་དེ་ཡང་ང་ཚོའི་མེ་ལས་དགུ་འགྱུར་ཀྱི་ཚ་བར་བཤད། གཞན་ཡང་ལྕགས་སྲེག་གི་ཁང་པ་སྒོ་མེད་དགུ་རིམ་དུ་བཅུག་པ་དང་ལུས་ལ་ཐུག་བཏབ་ནས་སོག་ལེས་འདྲ་བ་རི་ར་ལུག་གི་གདོང་པ་འདྲ་བས་བར་དུ་གཅུར་བ་སོགས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་ཡིན།
གྲང་དམྱལ་ལ་ཡང་འོག་ཆུ་དང་འཁྱགས་རིམ་ལ་ཕྱོགས་འཚམས་ཀུན་ནས་ཁ་བ་དང་བུ་ཡུག་གི་གྲང་རླང་འུར་འུར་ལྡང་བ་ལ་ལུས་ལ་ཆུ་བུར་གྱི་ཁྱབ་པ་དང་།
པད་མ་དང་ཨུ་དཔལ་ལྟར་ལུས་དུམ་བུར་གས་པ།
ཆུ་བུར་རྡོལ་ནས་རྣག་ཁྲག་ཤམ་ཤམ་དུ་འབབ་པ་སོགས་མྱོང་བ་ཡིན་ཞིང་། དེ་དག་ཀྱང་འདི་ལས་དགུ་འགྱུར་གྱི་གྲང་བར་གསུངས། ཉི་ཚེ་བ་དག་ནི་སྟོད་གྲང་ལ་སྨད་ཚ་བ་དང་སྡོམ་སྦྲུལ་མང་པོས་ཟ་བ་སོགས་མདོར་ན་ལུས་གཅིག་གིས་སྡུག་བསྔལ་གཉིས་མྱོང་དགོས་པ་དག་ཡིན།
ཉེ་འཁོར་བ་ནི་ཚ་དམྱལ་དང་གྲང་དམྱལ་དེ་དག་གི་ཕྱོགས་བཞི་ན་རོ་མྱག་གི་འདམ་དུ་ཟུག་པ་དང་རལ་གྲིའི་ཚལ་དུ་གཤགས་པ་དང་ཐ་ཚལ་གྱི་ཆུ་བོར་ལྷུང་བ་མེ་མར་མུར་གྱི་འོབ་ཏུ་ཚུད་པ་སོགས་ཀྱི་སྡུག་བསྔལ་བཟོད་བླག་མེད་པ་མྱོང་བར་འགྱུར་རོ།
ཡི་དྭགས་ལ་ཡང་མགོ་བོ་རི་རབ་ཁ་གཡེར་མ་ལྟོ་བ་ལུང་སྟོང་འདྲ་བས་ཟས་སྐོམ་མི་རྙེད་པ་དང་། རྙེད་ཀྱང་ཁར་མི་ཚུད་ལྟོ་མི་གང་བ་ལྟོ་ནས་མེ་འབར་ཏེ་གློ་སྙིང་ཀུན་སྲེག་པ། ཆུ་མི་རྙེད་པར་རྣག་ཁྲག་ལ་ལོང་སྤྱོད་དགོས་པ་སོགས་བསམ་ལས་འདས་པ་ཡོད་དོ།
དེ་བཞིན་དུ་བྱོལ་སོང་ཡང་རང་ལུས་རང་གི་ཟ་བ་མགོ་བརྒྱ་སྟོང་སྐྱེས་པ་ཤ་གཅོད་པ་ཁྲག་ཕྱུང་བ་སྣ་ཕུག་པ་སོགས་མཐོང་ཐུབ་པའི་སྡུག་བསྔལ་འདི་དག་ལས་ཐ་ན་གཅིག་རང་གི་མྱོང་དགོས་ཀྱང་བཟོད་བླག་མེད་པ་ལྟར་རོ།
༧ དགྲ་ཡི་འཇིགས་པ་ཡོད་ཤེས་ན། །
རང་གིས་དཔུང་དང་གོ་ཆ་བསྒྲུབ། །
དེ་བཞིན་ཉེས་དམིགས་ཡོད་ཤེས་ན། །
དལ་བ་ལ་བརྟེན་དགེ་བ་བསྒྲུབ། །
ཞེས་པས་ནི། རང་ཉིད་ལ་དགྲ་ཡི་གསོད་པ་དང་སྡང་བ་སོགས་ཀྱི་འཇིགས་པོ་ཡོང་བ་ཤེས་ན། རང་གི་ལུས་ཕུང་སྐྱོབ་བྱེད་དུ་དཔའ་འཔུང་རོགས་དང་གོ་ཆ་བསྒྲུབ་པར་གྱུར་ན། དེ་བཞིན་དུ་རང་གི་ལས་མི་དགེ་སྤྱོད་པ་ལ་ཉེས་དམིགས་ཡོད་པ་ཤེས་ན། དལ་འབྱོར་བརྒྱད་ལྡན་གྱི་ལུས་འདི་ལ་བརྟེན་ནས་དགེ་བ་སྒྲུབ་ཤིག་ཅེས་གདམས་པའོ། དེ་ཡང་རང་གཞ་ཀུན་ལ་སྡིག་པ་དང་མི་དགེ་བ་ནི་དབུས་ཀྱི་རི་རབ་ལས་ཆེ་བ་སྐྱེ་བ་ནས་སྐྱེ་བ་མཐུད་དེ་བསགས་ཡོད་ངེས་པས། ་དེས་ན་དེ་དག་གི་འབྲས་བུ་ནི་གོང་བཤད་ངན་སོང་གི་སྡུག་བསྔལ་ལ་སྤྱོད་དགོས་པ་ཡིན་པས་དེས་ན་ཅིས་ཀྱང་དལ་འབྱོར་ལྡན་པའི་ལུས་རྟེན་འདི་ཐོབ་པའི་རིང་ལ་དགེ་སྒྲུབ་སྡིག་སྤོང་དང་སྟོབ་བཞིས་བཤགས་སྦྱོང་ལ་འབད་པ་ཤིན་ཏུ་ནས་གལ་ཆེ་བ་ཡིན་ནོ།
དེ་ལྟར་འཁོར་བའི་ཉེས་དམིགས་བསྒོམ་པའི་དགོས་པ་ནི།
དཀོན་མཆོག་ལ་དད་པ་འཕེལ་བ། འཁོར་བར་ཞེན་པ་ལོག་པ། བློ་ལས་སུ་རུང་བ། ཚེ་འདིར་འབྲེལ་ཚད་བློ་ཁ་ཡང་དག་གི་བོན་གྱི་ཕྱོགས་སུ་བསྒྱུར་ནུས་པ། ཡུལ་ཕྱོགས་སུ་དགེ་བ་དར་བ་དང་། ཕྱི་མ་ངན་འགྲོའི་གནས་སུ་མི་སྐྱེ་བ་མཐོ་རིས་གནས་རྣམས་སུ།
རྟེན་ཁྱད་པར་ཅན་ཡང་ནས་ཡང་དུ་བརྒྱུད་ཅིང་མཐར་སངས་རྒྱས་པའི་འབྲས་བུ་ཐོབ་པར་འགྱུར་རོ། གཞུང་དོན་བཞི་བ་འཁོར་བའི་ཉེས་དམིགས་བསྟན་པའོ།
网友评论