![](https://img.haomeiwen.com/i10489665/2d1250f226c04006.jpg)
ཞོགས་པར་དོན་ག་གེ་མོ་ཞིག་གི་རྐྱེན་གྱིས་ཤིན་ཏུ་སེམས་མི་སྐྱིད་པ་ཞིག་བྱུང་སོང་བ་དང་། བལྟ་འཕྲོར་ལུས་པའི་དེབ་དེའང་ཡེ་ནས་ལག་ཏུ་འཛིན་འདོད་མ་བྱུང་བས། རྒྱའི་གྲོགས་མོ་དེ་དང་མཉམ་དུ་བར་སྐོར་དུ་འཆམ་འཆམ་ལ་འགྲོ་ཞོར་ཇོ་ཁང་བསྐོར་ལམ་དུ་ཡོད་པའི་རྨེ་རུ་རྙིང་མ་དགོན་གྱི་ཨ་ཁུ་ལགས་ལ་བལྟ་རུ་ཕྱིན་པ་ཡིན།
ཁོང་ནི་གྲྭ་པ་རྒན་པ་ཞིག་སྟེ། ཕ་ཡུལ་ཆབ་མདོ་ནས་ཡིན་ཞིང་ལོ་ངོ་གསུམ་བཞི་ཙམ་གྱི་སྔོན་ནས་རྨེ་རུ་རྙིང་མ་དགོན་དུ་ཕེབས་ཏེ་དེར་མཆོད་པ་བཤམས་རྒྱུ་དང་ལྷ་ཁང་དུ་གཙང་སྒྲ་བྱེད་པ་སོགས་ལ་འགན་འཁུར་ཏེ་ད་ལྟའི་བར་དུ་དེར་བསྡད་པ་རེད།
ལྷ་སའི་སྐད་དུ་གྲྭ་པ་ལ་སྐུ་ཞབས་ལགས་ཟེར་བ་ཡིན་པས་ནམ་རྒྱུན་གྲོགས་མོ་དང་ངེད་གཉིས་ཀྱིས་ཁོང་ལ་སྐུ་ཞབས་ལགས་ཞེས་བོས་པ་ཡིན་ཞིང་། ཁོང་གི་མཚན་ལ་ཅི་ཟེར་བ་གཏན་ནས་མི་ཤེས་ལ་དྲིས་མྱོང་ཡང་མེད།
ཁོང་ཡང་ང་དང་འདྲ་བར་སྐད་ཆ་མང་པོ་ལབ་རྒྱུར་དེ་འདྲ་དགའ་པོ་མེད་པ་དང་རྒྱུན་པར་གདོང་ལ་འཛུམ་གྱིས་ཁེངས་ཞོར་ནན་ཏན་སྒོས་གཞན་གྱི་སྐད་ཆར་ཉན་པར་སྤྲོ་བ་རེད།
དེ་རིང་ཁོང་དང་འཕྲད་པ་ཐེངས་བཞི་པ་ཡིན་ཏེ། དེ་སྔོན་གྲོགས་མོ་འདི་དང་མཉམ་དུ་ཐེངས་ཁ་ཤས་སུ་འདིར་ཡོང་སྟེ་ཇ་མངར་མོ་འཐུང་ཞོར་ཨ་ཁུ་དང་ཁ་བརྡ་གློད་པ་ཡིན་ཡང་། ཐེངས་རེར་འདིར་སྐར་མ་འགའ་རེ་དང་ཡང་ན་ཆུ་ཚོད་གཅིག་ཙམ་མ་གཏོགས་ཡུན་རིང་བསྡད་མྱོང་མེད་པས་ཕན་ཚུན་ལ་རྒྱུས་མངའ་ཆེན་པོ་མེད། ཡིན་ཡང་ཁོང་གི་བབ་ཆགས་དང་ལྷོད་འཇགས། ཞལ་གྱི་འཛུམ་མདངས་སོགས་ལས་བདག་ལ་རྒྱུན་དུ་སེམས་ཀྱི་བདེ་བ་དང་དྲོད་སྣང་ཁྱད་པར་བ་ཞིག་བསྩལ་འོང་བ་རེད།
འདིའང་ཕྱོགས་གཅིག་ནས་ང་རང་ཉིད་ཀྱི་གཤིས་ཀ་དང་འབྲེལ་བ་ཆེན་པོ་མེད་ནམ་སྙམ་སྟེ། སྐད་ཆ་མང་བ་དང་ཡིད་ཆེས་ཀྱིས་བརྟས་པའི་མི་གང་མང་ཞིག་གི་མདུན་དུ་བདག་ལ་རྟག་པར་བཅོས་མིན་གྱི་ཁེར་རྐྱང་གི་ཚོར་བའམ་སྟོང་བའི་ཚོར་བ་ཞིག་སྐྱེས་འོང་གིན་འདུག་ཅིང་། སྐར་མ་འགའ་ལའང་སྡོད་ཚུགས་མེད་པར་གང་ལ་འབྲོ་ཅི་ཐུབ་བྱ་དགོས་པའི་སྣང་བ་ཞིག་སྐྱེས་ཡོང་བ་རེད། དེ་སྔོན་འདུ་ཚོགས་གམ་party མང་པོ་ཞིག་ཏུ་འགྲོ་བར་ངས་དངོས་གནས་གཞའ་ཅི་ཐུབ་བྱས་པ་ཡིན་ཏེ། གཅིག་ནས་ང་རང་ཕ་རོལ་པ་ཚོའི་ཁ་བརྡའི་སྐོར་ལ་སྤྲོ་སྣང་དེ་འདྲ་མེད་པ་དང་གཉིས་ནས་རང་ཉིད་སྐད་ཆ་ལབ་པར་མི་དགའ་བས་མི་དུ་མའི་ཁྲོད་ནས་ཧོན་ལོག་ལྟར་ཧད་བསྡད་ན་དངོས་གནས་སྡུག་བསྔལ་ཞིག་རེད། དེ་ལས་ལྡོག་སྟེ་ལྷིང་འཇགས་དང་བབ་ཆགས་ཀྱི་མི་དག་ལས་བདག་གིས་ནམ་རྒྱུན་དྲོད་ཁོལ་དང་རེ་བ། མཛེས་སྡུག་གང་ཞིག་ཚོར་ཐུབ།
ཐོག་དང་པོར་རྨེ་རུ་དགོན་དུ་སླེབས་དུས་ཀྱང་དེ་རིང་གི་གྲོགས་མོ་འདི་དང་མཉམ་དུ་ཡོང་བ་ཡིན། ཁོ་མོ་ནི་ཁྱད་ཆོས་ལྡན་པའི་མི་ཞིག་རེད་བསམས་ཏེ། ཁོ་མོ་ད་ལོ་སྒྱུ་རྩལ་སློབ་གླིང་ནས་ཞིབ་འཇུག་མཐར་ཕྱིན་པ་ཡིན་ཞིང་། བསམ་བློ་དང་ནུས་པ་སོགས་ཕྱོགས་གང་ཐད་ནས་ཧ་ཅང་འབུར་དུ་ཐོན་པ་ཞིག་ཡིན་ཀྱང་། རང་ཉིད་གནད་དོན་གང་ལ་འཕྲད་ཚེ་དགེ་རྒན་ཆེན་མོ་ག་གེ་མོ་དང་མི་སྣ་གྲགས་ཆེན་ག་གེ་མོ་འཚོལ་བ་ནི་གཏན་ནས་དཔེ་མི་སྲིད་པ་ཞིག་ཡིན། དེ་ལས་ལྡོག་སྟེ་ཁོ་མོ་ཐེངས་རེར་བར་སྐོར་ལམ་གྱི་གད་སྙིགས་འཐུ་མཁན་གྱི་ཨ་མ་ལགས་དང་རྨེ་རུ་རྙིང་མ་དགོན་དུ་མཆོད་པ་བཤམས་མཁན་གྱི་ཨ་ཁུ་ལགས་འཚོལ་བར་ཕྱིན་ཏེ་མི་ཚེའི་གནད་དོན་མང་པོ་ཞིག་ཁོང་ཚོ་དང་མཉམ་དུ་བགྲོ་གླེང་བྱེད་པ་རེད།
དེ་ཡང་འགྲིག་འདུག་བསམས་ཏེ། སློབ་གྲྭ་ཆེན་མོ་གྲགས་ཆེན་དང་དགེ་རྒན་ཆེན་མོ་གྲགས་ཆེན་སོགས་ལ་མི་ཞིག་གི་ཕྱོགས་ག་གེ་མོའི་ཐད་ཀྱི་ནུས་པ་བསྐྱེད་བསྲིང་བྱེད་པའི་སྟོབས་ཤུགས་ཡོད་ནའང་། མི་ཚེ་སྤྱི་ཞིག་ནས་བལྟས་ཚེ་དེ་ནི་དངོས་གནས་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་ཅི་ལ་མིན། ཁོང་ཚོར་མངའ་བ་དེའང་སུ་དང་གང་གི་ཧུར་བརྩོན་ལས་ཐོབ་ཐུབ་པའི་ཕྱི་རོལ་གྱི་ཤེས་བྱ་ཁོ་ན་ལས་དེ་ལས་བྱུང་བའི་ཤེས་རབ་ངོ་མ་དེ་རང་གི་རྒྱུད་དུ་འབྱོར་ཡོད་མཁན་ཤིན་དུ་ཉུང་། དེེ་བས་མི་ཚེའི་སྐོར་ནས་གད་སྙིགས་འཐུ་མཁན་གྱི་རྒན་མོ་ཞིག་ལས་དགེ་རྒན་ཆེན་མོ་དག་མཁས་ཟེར་ན་དངོས་གནས་བཤད་དཀའ་བ་ཞིག་རེད་བསམས།
དེ་རིང་ཡང་ནམ་རྒྱུན་ལྟར་ཇ་མངར་མོ་འཐུང་ཞོར་གྲོགས་མོའི་གནད་དོན་དག་ཨ་ཁུ་ལགས་དང་མཉམ་དུ་བགྲོ་གླེང་བྱས་པ་ཡིན་ལ་ཞོར་དུ་ངས་ཀྱང་ཁོང་གཉིས་ལ་ཉེ་ལམ་རང་ཉིད་ཀྱི་ལུས་པོ་ཅུང་བདེ་མོ་མིན་ཚུལ་དང་ཉིན་ཁ་ཤས་རྗེས་ནས་ཕ་ཡུལ་དུ་ལོག་འཆར་ཡོད་པའི་སྐོར་ལབ་པ་ཡིན།
ཨ་ཁུ་ལགས་ཀྱིས་ང་ལ་ཕ་ཡུལ་དུ་ལོག་པའི་མེ་འཁོར་པ་སེ་ཉོ་བར་དངུལ་ག་ཚོད་དགོས་པ་དང་ངའི་མི་བདེ་བ་དེ་ལ་སྨན་གང་དང་གང་འཐུང་རྒྱུ་ཡོད་མེད་ཀྱི་སྐད་ཆ་དྲིས་ཤིང་ངས་ཀྱང་གཅིག་གཅིག་ངང་ལན་བཏབ་པ་ཡིན།
དེ་ལྟར་ཡུན་རིང་ཁ་བརྡ་བྱས་རྗེས་གྲོགས་མོ་དང་ངེད་གཉིས་ཕྱིར་འགྲོ་རན་ལ་ཐོན་སོང་།
ཨ་ཁུ་ལགས་ཀྱིས་ངའི་ལག་ཏུ་སྒོར་བརྒྱ་ཤོག་འགའ་བརྫངས་ཏེ་ཕ་ཡུལ་དུ་ལོག་པའི་པ་སེ་ཉོ་སྤྱད་བྱོས་ཟེར། ང་ནི་རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར་པ་དང་ཅི་ཞིག་ལབ་འདོད་ཀྱི་འདུན་པ་ཆེའང་ཁ་ནས་སྐད་ཆ་གང་ཡང་མ་ཐོན་པར་ལུས།
ལྷག་བསམ་དང་བྱམས་བརྩེ་ཟེར་བ་ནི་ཕ་རོལ་བ་དེར་དངོས་པོ་ག་ཚོད་སྟེར་ཐུབ་མིན་ལ་འབྲེལ་བ་ཡོད་པ་ཞིག་གཏན་ནས་མ་ཡིན་པར། དེ་ནི་སྤྱོད་པ་གང་ལས་ཀྱང་སྟོབས་ཤུགས་དང་མཛེས་སྡུག་གིས་ཕྱུག་པ་ཞིག་རེད་ཨང་།
དེ་རིང་བདག་ལ་ཆམ་པ་ཕོག་སྟེ་སྐད་འགག་པ་སྣ་འཚུབ་ནས་ཡོད་པ་མ་ཟད། ཞོགས་པར་ངས་མི་ཞིག་དང་ཁ་རྩོད་བྱས་ཏེ་ཁོ་དང་འབྲེལ་བ་བཅད་པ་ཡིན་ཞིང་། ཉིན་གང་བོར་སེམས་སྐྱ་མོ་ཐང་ལ་ལྷུང་བ་དང་འདྲ་བས་རང་ཉིད་ཀྱི་ཚུགས་ཀ་ནི་ཕྱོགས་གང་ཐད་ནས་ཉམ་ཐག་པ་ཞིག་ཡིན་པ་གདོན་མི་ཟ། ཨ་ཁུ་ལགས་ཀྱིས་ང་མཐོང་བ་ཙམ་གྱིས་དེ་དག་ཐམས་ཅད་ཚོར་ཡོད་ངེས་རེད།
ལྷ་ས་རུ་བདག་ལ་གཉེན་ཉེ་སོགས་གང་ཡང་མེད་ཀྱང་རྒྱུན་པར་བདག་གི་གྲོགས་མོ་འདི་དང་ཨ་ཁུ་ལགས་ལྟ་བུའི་རྣམ་དག་དང་བབ་ཆགས་ཀྱི་གྲོགས་དགའ་རེ་ཡོད་རྐྱེན་རྟག་པར་རེ་བའམ་དྲོད་ཁོལ་ཞིག་ཚོར་འོང་ཀི་འདུག
ངའི་ཕྱི་རྒྱལ་གྱི་རྒན་ལགས་ཀྱིས་རྟག་པར་ང་ལ་སྐད་ཆ་འདི་འདྲ་ཞིག་ལབ་མྱོང་སྟེ། མོ་དང་འཕྲད་ཐེངས་རེར་ “ཡེ་ཤེས། ཁྱེད་ཀྱིས་ཡ་ང་ཞིང་ཡིད་དུ་མི་འོང་བའི་དོན་ག་ཚོད་ཅིག་མཐོང་བའམ་བརྒྱུད་སྲིད་ཀྱང་། ངེས་པར་སྔར་བཞིན་འཇིག་རྟེན་འདིའི་ངོ་བོ་ངོ་མ་དེ་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན་པ་དེ་རྟོགས་དགོས་” ཞེས་ལབ་པ་རེད། དངོས་གནས་དེ་འདྲ་རང་རེད་ཨང་། རྙོག་དྲ་ཆེ་བའི་དོན་དག་མང་པོ་ཞིག་ཕར་གཡུགས་ཏེ་བབས་ཆགས་ཀྱི་གནས་ཤིག་ཏུ་སེམས་པ་ལྷོད་ལ་འབབ་འགོ་རྩོམ་དུས། ད་གཟོད་གཞི་ནས་དོན་དག་མང་པོ་ཞིག་གི་ཧ་གོ་བ་དང་མཐའ་འཁོར་གྱི་ཆེས་སྤྱིར་བཏང་གི་འཚོ་བའི་ཁྲོད་མཛེས་སྡུག་དང་དྲོད་སྣང་ཁྱད་པར་བ་་ཞིག་ཚོར་འོང་།
2018.10.13
网友评论