ཚང་མས་མིག་གིས་རིག་རིག་དང་རྣ་བས་ཅོར་ཅོར་བྱས་ཏེ་བསྒུགས་བསྒུགས་པའི་མཐའ་མར་་ཨ་རིའི་སྲིད་འཛིན་འདེམ་བསྐོ་ཆེན་མོའི་མཇུག་འབྲས་ནི། ཁ་སང་འཛམ་གླིང་ཡུལ་གྲུ་ཀུན་ལ་གསལ་བསྒྲགས་བྱས་ཤིང་། འོས་གྲངས་མཐོ་བའི་སྲིད་འཛིན་གསར་བ་པཱེ་ཊིན་ཟེར་བ་དེས་ཀྱང་རྒྱལ་ཁ་དང་བཅས་ང་རྒྱལ་གྱི་མགོ་འཕངས་མཐོ་རུ་བཏེགས་ཏེ། ཁྲོམ་རྒན་ལ་ཟུར་ཟ་བྱེད་ཞོར་དུ་དགའ་ལྷང་ལྷང་གིས་སྲིད་འཛིན་གྱི་ཐོག་མའི་བསྒྲགས་གཏམ་ཡག་ཐག་ཆོད་ཅིག་སྤེལ་སོང་མོད། དེ་རིང་ཞིག་ལ་བསྒྲགས་གཏམ་སྤེལ་བ་དེ་དག་ཐམས་ཅད་གསར་འགྱུར་བརྒྱུད་ལམ་གཙོ་བོ་ཁ་ཤས་དང་པཱེ་ཊིན་གྱི་ཕྱོགས་གཏོགས་ཚོས་མགོ་བདེ་དྲན་འཕྲུལ་གྱི་གཡོ་ལས་རྐྱང་རྐྱང་ཡིན་པ་ལས། དོན་དངོས་ཀྱི་ཐག་གཅོད་དང་བདེན་འབྲས་མཐར་ཐུག་པ་ནི། ད་དུང་རྗེས་ནས་གསལ་ཡོང་ཞེས་པའི་སྐད་ཆ་ཁྱད་མཚར་བ་མང་བོ་ས་རྡོ་བཞིན་དུ་འཕྱུར་བཞིན་ཡོད་པ་དེ་རེད། དེ་ལས་ཀྱང་ཧ་ལས་དགོས་པ་དེ་ཐེངས་འདིའི་འདེན་བསྐོའི་གོ་རིམ་ཁྲོད་དུ་འོས་ཤོག་རྐུ་འཁྱེར་གྱི་དོན་རྐྱེན་དང་འོས་ཤོག་རྫུན་མ་བླུགས་པ་ལ་སོགས་དགོད་བྲོ་བའི་གནད་དོན་མང་བོ་བྱུང་ཡོད་པའི་གནས་ཚུལ་ཡང་འདུག ཨ་རི་རྒྱལ་ཁབ་ལྟ་བུས་ཀྱང་དམངས་གཙོ་ཁ་ལ་འཁྱེར་བཞིན་མངོན་སུམ་འཛེམ་མེད་དུ་འདི་འདྲའི་གཡོ་ལས་མང་བོ་བྱས་ཡོང་བ་འདི་ངོ་མཚར་ཆེ། འཛམ་གླིང་ཡོངས་ཀྱི་མིག་མདུན་ནས་འདི་འདྲའི་ཡ་ང་ངོ་ཚ་བྲལ་བའི་བགྱི་བ་རྩོམ་པར་འཛེམ་དོགས་མེད་པ་འདི་ཡང་ཤིན་ཏུ་ཧང་སངས་དགོས་པ་ཞིག་མ་རེད་དམ། ཨ་རི་ཚང་གི་བྱ་སྤྱོད་ཡ་མ་བརླ་འདིིའི་རིགས་ཀྱི་ནི་ཁོ་ཚོའི་མཚན་སྙན་ཆུ་ལ་བསྐུར་ཏེ། མི་མང་གི་ཡིད་ཆེས་རླུང་ལ་སྤུར་བའི་ཉེན་ཁ་ཡང་ཤིན་ཏུ་ཆེའོ།། མ་ཟད་ཁྲོམ་རྒན་རང་དབང་ཐུན་ཚོགས་ཆེན་མོ་ནས་བསྐྱར་དུ་འདེམ་བསྐོའི་བརྒྱུད་རིམ་ཆ་ཚང་ལ་ཞིབ་བཤེར་བྱས་ཏེ། ཁྲིམས་མཐུན་མིན་པའི་འོས་ཤོག་རྐུ་འཁྱེར་གྱི་གནད་དོན་ཐེར་འདོན་བྱ་རྒྱུ་ཡིན་པའི་གནས་ཚུལ་ཡང་ཐོན་འདུག་ན་ད་ནི་རྩོད་ཉོག་ལུང་བ་གང་གི་ཁ་ཕྱེ་ངེས་པས་ངོ་མཚར་བའི་ལྟད་མོ་སྣ་ཚོགས་ད་དུང་རྗེས་ནས་འཛམ་གླིང་གི་མིག་མདུན་དུ་བཤམ་རྒྱུ་ཡིན་པ་འདྲའོ།། དམངས་གཙོའི་ལམ་ལུགས་དར་བའི་ལོ་རྒྱུས་ཤིན་ཏུ་རིང་ཞིང་ཀུན་གྱིས་རེ་བ་མཐོ་སའི་སྔོན་ཐོན་རྒྱབ་ཁབ་འདི་ཚོས་ཀྱང་། འདི་ལྟར་ཁ་དོན་མི་མཚུངས་ཤིང་མངོན་ལྐོག་མདུན་རྒྱབ་ཡོད་པའི་བྱ་སྤྱོད་ཡ་ང་བ་མང་བོ་བསྟན་ཡོང་བ་འདིས་ནི། དོན་དངོས་ཀྱི་རང་དབང་དམངས་གཙོའི་ལམ་བཟང་ལ་ཞུགས་ཚར་བའི་རྒྱལ་ཁབ་ནི་སྲིད་མཐའ་ཙམ་དུ་སོང་ཡོད་པ་ཡང་ལྷང་ལ་ཕུད་འདུག
网友评论