སེམས་ཀྱི་ཐིག་ལེ
![](https://img.haomeiwen.com/i8528092/6faf0f68316845ff.jpg)
སྐྱེས་མ་ཁྲི་སྟོང་ཁྲོད་ཀྱི་དགའ་ས་སྙིང་གི་ནོར་བུ།།
མི་རྟག་འཁོར་བའི་གྲོང་གི་བརྩེ་བའི་བདག་མོ་ཁྱེད་ཡིན།།
ལྷད་མེད་དུངས་པའི་སྨོན་ཚིག་མི་འགྱུར་སེམས་ཀྱི་དམ་བཅའ།།
འཇིག་རྟེན་འདི་ཕྱིའི་གེགས་ལ་འཕྲད་ཀྱང་འགལ་བའི་དཔེ་མེད།།
ཚོར་བ་གསར་བའི་ནང་གི་བདེ་སྐྱིད་འཚོ་བའི་གཞི་རྩ།།
ཡངས་པའི་རྩྭ་ཐང་སྟེང་གི་སྦྲ་ནག་བདག་མོ་ཁྱེད་ཡིན།།
རྣམ་དག་བརྩེ་བའི་མཚོན་ཚིག་སྙིང་གཏམ་མགུར་མའི་སྙིང་བོ།།
ཕྱི་ནང་མྱི་ཁའི་རླུང་ནག་འཚུབ་རུང་འགྱུར་བའི་བློ་མེད།།
མཚན་དགོང་རྨི་ལམ་འགྲིམ་པའི་སྒེག་ལྡན་སེམས་ཀྱི་ལྷ་མོ།།
བཅུ་ཁྲག་རིག་པའི་ཚལ་གྱི་ཀ་ཁའི་བདག་མོ་ཁྱེད་ཡིན།།
རང་སྐད་རང་ཡིག་ལམ་ནས་རང་གི་རེ་བའི་མཛའ་འཕྲིན།།
རྣམ་ཤེས་ལུས་དང་མ་བྲལ་འབྲི་མཚམས་འཇོག་རྒྱུ་མི་སྲིད།།
网友评论