གཅེས་ཕྲུག་ཚོ། །
ཨ་སྔོན་ཡངས་པོར་ཕ་མཐའ་མི་མངའ་བས། །
ཁྱེད་ཚོོའི་གཤོག་ཟུང་ལ་མུ་མཐུད་གོམ་བརྡར་གཏོང་དགོས། །
མུ་མེད་ཐང་ལ་ཟད་མཐའ་ཡེ་མེད་པས། །
འགྲོས་བང་རྩལ་གྱི་གོམ་ཁ་ལྷོད་མི་ཉན། །
འཛོམས་པའི་མཐའ་མ་བྲལ་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས། །
མ་འོངས་པའི་ལམ་ཁ་གསར་པ་སྤྲོ་བས་བསུ་དགོས། །
གཅེས་ཕྲུག་ཚོ། །
ལོ་གསུམ་གྱི་སློབ་འབྲིང་འཚོ་བ་ནི་ཁྱེད་ཀྱི་ཡོད་ཚད་མ་ཡིན་ཡང་མི་ཚེའི་གྲུབ་ཆ་གལ་ཆེན་ཞིག་ཅི་ལ་མིན། །
ལོ་གསུམ་གྱི་འཚོ་བ་ནི་ཁྱེད་ཚོའི་མོས་པ་དང་མཐུན་པའི་འཚོ་བ་ཞིག་མིན་ཡང་མངར་སྐྱུར་འདྲེས་མའི་དྲན་གསོ་ཞིག་ཅི་ལ་མིན། །
ལོ་གསུམ་གྱི་སློབ་གྲོགས་རྣམས་ནི་ཁྱེད་ཀྱི་ཤ་ཉེ་མིན་ཡང་མི་ཚེའི་རྐང་ལམ་ཕྲ་མོར་གཡས་གཞོགས་གཡོན་འདེགས་མཁན་གྱི་མི་དེ་ཡིན་སྲིད། །
ལོ་གསུམ་གྱི་བཤེས་གཉེན་ཚོ་ནི་ཁྱེད་ལ་མི་ལུས་རེན་ཆེན་གནང་མཁན་གྱི་ཕ་མ་མིན་ཡང་བདེན་པའི་ལམ་ལ་འདྲེན་མཁན་གྱི་མགོན་སྐྱབས་དེ་ལོས་ཡིན། །
གཅེས་ཕྲུག་ཚོ། །
ལོ་འདིའི་ནང་ཁྱེད་ཀྱི་སློབ་ཁང་གི་གྲུ་ཟུར་ཞིག་ནས་དགེ་རྒན་ཚོའི་རྫོགས་རྒྱུ་མེད་པའི་སྐྱོན་བརྗོད་དང་འཁང་ཚིག་ལ་ཉན་བཞིན་ཞོགས་སྔ་ལངས་དང་དགོངས་ཕྱི་ཉལ་གྱིས་ནས་དཀའ་བ་ཡོད་དོ་ཅོག་ཁྱད་དུ་གསད། །
ཚུལ་འཆོས་ཅན།གཅེས་ཕྲུག་ཚོ། །
ལོ་གསུམ་གྱི་སློབ་འབྲིང་འཚོ་བར་རྫོགས་ཚིག་བཀོད་ཚར་སོང་།
མུ་མཐུད་ནས་ལོ་གསུམ་གྱི་མཐོ་འབྲིང་འཚོ་བར་སྟ་གོན་བྱོས། །
མ་འོངས་པར་ཁྱེད་ཚོ་རང་རང་གི་ལམ་ལ་ཆས་ནས་ངེད་ཚོ་དང་ཐག་ཇེ་རིང་ནས་ཇེ་རིང་རེད། །
རེད་དེ། ། ཁྱེད་ཀྱི་སོང་ཟིན་པའི་ལམ་ལ་ཕྱིར་ལྟ་རེ་དང་དྲན་གསོ་རེ་བྱེད་རྒྱུ་གཏན་ནས་མ་བརྗེད། །
འདི་ན་ཁྱེད་ཀྱི་མི་ཚེའི་ཆེས་མཚར་སྡུག་བཀྲ་བའི་འཚོ་བའི་རྒྱབ་ལྗོངས་ཤིག་ལུས་འདུག །
གཅེས་ཕྲུག་ཚོ། །
གླེང་འདོད་པའི་སྐད་ཆ་མང་དག་གཅིག་ཡོད་ཀྱང་ཁྱེད་ཚོ་རང་སོའི་ལམ་ལ་ཆས་ཟིན། །
ཁྱེད་ཚོའི་དགོད་སྒྲ་དང་མཛུམ་མདངས་སྐད་ཆ་སོགས་ངའི་དྲན་པའི་ཀློང་གི་ཆེས་ཟབ་ས་ཞིག་ན་གནས་ཡོད། །
གཅེས་ཕྲུག་ཚོ། །
ལོ་གསུམ་འདིའི་ནང་ཁྱེད་ཚོས་ང་ལ་སྟེར་དགའ་སྐྱོ་འདྲེས་མའི་འཚོ་བ་དང་དྲན་གསོ་དག་ལ་ཁ་དྲོ་བཀྲ་ཤིས་དང་བཅས་མ་འོངས་པའི་ལམ་ཁར་གང་བསམ་ལྷུན་གྲུབ་ཡོང་བའི་སྨོན་ལམ་གངས་དཀར་སྙིང་དབུས་ནས་ཞུ། །
ཁྱེད་ཚོར་དགའ་བའི་རྒན་ནག་རིལ་ནས། །
༢༠༢༠ལོའི་ཟླ་༧པའི་ཚེས༢༢ཉིན། །
网友评论