美文网首页
དྲང་གཏམ་མགུར་མ།

དྲང་གཏམ་མགུར་མ།

作者: suolangzhuoma | 来源:发表于2017-06-10 23:18 被阅读0次

                                  དམར་ཁ་ཚ།

    སེམས་ཀྱི་དཀར་གསལ་ཟླ་བའི་དཀྱིལ་འཁོར་འདི།།

    ཡིད་ཀྱི་དྲན་ཤིང་ཁྲོད་ཀྱི་ཞལ་རས་ཤིག།

    ཆུ་སྐྱེས་མེ་ཏོག་ཕྲེང་བའི་ལག་རྡང་ནི།།

    གསེར་མདོག་ངང་ཆུང་མཚེ་མའི་སྨོན་ཡུལ་ཡིན།།

    བརྩེ་བའི་དར་སྐུད་ཕྲ་མོའི་བདུད་པ་འདི།།

    ལས་དང་སྨོན་ལམ་བཟང་པོས་དམ་དུ་བསྒྲིལ།།

    ཁ་ཁོག་གཉིས་མེད་བྱང་ལམ་དྲང་མོ་ནས།།

    སེམས་དང་སེམས་པ་གཤིབ་པ་ངེད་གཉིས་དགེ།།

    དུང་བའི་སྙིང་གཏམ་མིན་ལ་བསྟོད་པ་མིན།།

    ཆ་མེད་ལུས་ལ་སྤྲུལ་ནས་ཁྱོད་ལ་ལྟ།།

    ཁ་ཡག་ཁོག་བཙོག་མ་ཡིན་སེམས་ཀྱི་གཏམ།།

    དྲང་མོ་མདའ་ལ་བཅོལ་ནས་གློད་རྒྱུ་ཡིན།།

    སྐྲ་ལོ་རྒྱ་ལྕང་སུམ་སླས་སྐེ་དཀྲིས་ཅན།།

    བོད་ལྭ་རྒྱུན་གྱོན་ཕུ་ཐུང་གཉིས་ཡང་བསྣབས།།

    འཛུམས་མདངས་ཉིན་མོའི་སྐར་མ་ཁྲོ་ཉམས་ཅན།།

    གླེང་སྟེགས་རེ་ནས་བརྗིད་ཉམས་མཐོང་རྒྱུ་ཡོད།།

    ཞོགས་པར་སྔ་ལངས་དཔེ་ལྟས་བྱས་ནི་མཐོང་།།

    ནུབ་མོ་འཕྱི་ཉལ་གློག་སྒྲོན་དཀར་བའི་རིགས།།

    སློབ་མ་ཡ་རབས་གྲལ་ལ་ཚུད་འགྲོ་སྙམ།།

    ང་ལ་བཞག་པའི་བག་ཆགས་ཐོག་མ་ཡིན།།

    ཞིབ་མོ་ཁ་བརྡ་གློད་བཞིན་ཡུན་གྱིས་འགྲོགས།།

    བྱིས་དུས་རྨི་ལམ་འདྲ་བོ་ཕྱིར་སློག་བྱས།།

    ཁ་མཚར་ཀུ་རེ་རྩེ་བཞིན་འཛུམ་ཆུང་གྲོལ།།

    གདོང་གི་ཁྲོ་ཉམས་ཕྱིས་ནས་སྤྲོ་ཉམས་དོད།།

    རྟོགས་སད་རེ་རེའི་ཁྲོད་ཀྱི་ཚོར་བ་གླེང་།།

    འདས་མ་ད་གསུམ་ཟེར་བཞིན་ཚོགས་གཏམ་བྱས།།

    སྣང་བ་མཁའ་དང་མཉམ་ལ་སྐར་མ་འཛིན།།

    སེམས་སུ་གང་ཤར་གང་དྲན་ཐད་ཀར་གཏོང་།།

    བྱ་བ་གང་དང་ཅི་ལ་འཕྲད་ཀྱང་རུང་།།

    དོན་དག་བཟང་ངན་གང་ཞིག་བསྒྲུབ་དགོས་ན།།

    གྲ་སྒྲིག་འཆར་གཞི་གང་ཡང་མེད་པའི་ཁར།།

    འཚུབ་ཆ་རླུང་ཐན་ཞིག་གིས་རབ་སེ་འཇོག།

    རང་གཞན་གཉིས་ཀྱི་དོན་ལ་མི་འདུག་ཟེར།།

    དོན་དག་ཆེ་མ་ཕྲ་གསུམ་མི་སྐྱུར་ཟེར།།

    ཕ་དང་ཨ་ཁུའི་སྐབས་བབ་ཤེས་དགོས་ཟེར།།

    བུ་རབས་ཚ་རྒྱུད་ཚོགས་ལ་ཁྲིད་དགོས་ཟེར།།

    བསམ་བློ་སྔོན་ཐོན་ཡིན་ལ་དེང་རབས་ཅན།།

    གཞན་ཕན་ལྷག་བསམ་ཡོད་ལ་དོན་ལྡན་པ།།

    དོན་མེད་འབྲེལ་མེད་མི་ཡིས་བསྟོད་འོས་ཀྱང་།།

    ཁུངས་མེད་དྲེད་མོས་ཕྱི་བ་བསྐོས་ནི་འདྲ།།

    བྱ་བའི་འབྲས་བུ་གལ་ཆེན་ཡིན་ན་འང་།།

    བརྒྱུད་པའི་གོ་རིམ་གཅིག་དང་ཉམས་མྱོང་གཉིས།།

    མ་འོངས་མི་ཚེའི་ལམ་བྲོ་ཡིན་པར་རློམ།།

    དངོས་ཡོད་བསླབ་བྱ་གསོན་པོ་དྲོན་པོར་སྒོམ།།

    རྟོགས་སད་རེ་རེ་ཆར་རྗེས་འཇའ་ཚོན་ཡིན།།

    ཚོར་བ་སོ་སོ་ལུས་ཀྱི་སྦྲིད་ཤད་ཙམ།།

    ལག་ལེན་ཉུང་ཉུང་ཉིན་མོའི་སྐར་མ་བཞིན།།

    རྒྱུན་སྐྱོང་ཐུང་ཐུང་ལག་པའི་མཐོ་གང་ཡིན།།

    མགོ་ལ་འཁོར་བ་མེད་པས་སྣང་བ་དྭངས།།

    ལུས་ལ་བུ་ཕྲུག་མེད་པས་སེམས་ཁུར་མེད།།

    ཆ་མེད་མི་ཚོགས་ཁྲོད་ན་འཚོ་བ་རོལ།།

    འགྲོ་ཤེས་འདུག་ཤེས་བྱེད་དགོས་ཡིད་ཆེས་ཡོད།།

    相关文章

      网友评论

          本文标题:དྲང་གཏམ་མགུར་མ།

          本文链接:https://www.haomeiwen.com/subject/ydwcqxtx.html