ཉི་འོད་རི་དང་གངས་ནས་འཕྲོ།།
གཟུགས་གཞི་ས་དང་ཆུ་ལ་ཐིམ།།
གཏམ་རྒྱུད་ལོ་དང་ཟླ་བར་བྲིས།།
མིག་ཆུ་སྟོན་དང་དཔྱིད་ལ་སྐམ།།
དྲན་པ་གཙང་བོའི་རྒྱུན་དང་འདྲེས།།
མིག་ཟུར་གཙང་བོའི་མཐའ་ལ་ཧད།།
སྙིང་དང་རུས་པའི་ཧུད་ཤ་འཐེན།།
དུས་དང་བུ་མོར་དྲན་པ་ཆགས།།
དབྱངས་ཀྱི་ཐུག་པ་ལུས་ལ་ཟག།
དར་དང་བུ་མོའི་ནབ་གཟའ་ཞུ།།
ང་སྟེ་དྲན་པས་སྐྲ་ལོ་འཐོར།།
དབྱར་དང་བུ་མོ་དྲན་པས་བཟི།།
མཚན་དང་རྨི་ལམ་སེམས་ནས་འཁྲུག།
རྒྱང་དང་མཐའ་ཡུལ་རི་ནས་གཟིམས།།
གངས་དང་ཁ་བ་ཡིད་ནས་ཆགས།།
སྡུག་དང་དྲན་པའི་གནམ་གཤིས་འཁྱམས།།
ཚེ་ཡི་གྲིབ་མ་རི་ནས་འདྲོགས།།
དགའ་སྐྱོའི་ཅང་ཤེས་ཆད་ནས་ཤི།
ཁྲག་དང་གཙང་བོའི་སྡུག་དབྱངས་གྱེར།།
ལ་དང་ལུང་ནས་བར་དོ་རྫོགས།།
སྲིད་པའི་ལ་ཁར་གྲིབ་གཟུགས་འཁྲུངས།།
འཁོར་བའི་རི་ནས་གནམ་གཤིས་ཆགས།།
གངས་དེས་ཟུར་གྱི་བཙན་པོ་བར།།
ད་ཤི་གང་སྐྱེ་འདི་ནས་རྟགས།།
ཚེ་ཉི་ལ་ཁའི་རྟ་བདུན་ཟུར།།
གཟིམས་ན་བར་དོ་མུན་པའི་སྒྲིབ།།
རྩྭ་མགོའི་ཟིལ་བ་འོད་ཀྱིས་སྐམ།།
གང་ཚེ་དེ་ནས་ཆགས་མིན་ཅི།།
མི་ཚེ་གནའ་ནས་ད་ལ་རག།
འཛིན་དང་སྒྱུ་མའི་སྣང་བ་སླུས།།
སླུས་ཀྱང་ཚོར་བའི་ཅང་ཤེས་དགོད།།
ད་ནི་བར་དོ་འགྲིམ་ལ་ཆས།།
ཕ་དང་དྲིན་མོར་འཛུམ་ཞིག་དགད།།
ཡུལ་དང་རི་ཆུར་གཞས་ཞིག་ལེན།།
རུས་དང་ཆུང་མར་གྱེས་ཚིག་འབྲི།།
སང་ཞོགས་སྐྱ་རིངས་ལ་ནས་གྱེས།།
网友评论