དེ་རིང་ཚོགས་གྲོལ་བ་ན་ས་རུབ་འདུག དེ་ནས་དབྱིན་ཡིག་སློབ་ཁྲིད་ལ་ཐོན་ལ་ཉེ། སློབ་ཁྲིད་འཚོགས་ཐེངས་རེར་ཉིན་གཅིག་ལ་བྱ་བ་གང་བྱས་དབྱིག་སྐད་ཀྱི་ལམ་ནས་དགེ་རྒན་ལ་ངོ་སྤྲོད་སྟབས་བདེ་ཞིག་བྱ་དགོས་པས་བྲེལ་མྱུར་གྱི་ངང་ནས་སྐད་ཆ་ཁ་ཤས་གྲ་སྒྲིག་བྱས། བོད་སྐད་བཤད་དགོས་ན་ཆུ་བཞུར་བཞུར་བྱས་ཆོག་མོད། དབྱིག་སྐད་གྱི་ལམ་ནས་ཚིག་ཐུང་གཅིག་གཉིས་ཙམ་བཤད་པར་མ་མཐའ་ཡང་དུས་ཚོད་ཕྱེད་ཀའི་གྲ་སྒྲིག་སྔོན་དུ་དགྲོ་དགོས། དགེ་རྒན་གྱིས་ཀྱང་ལས་བྱ་ཟེར་ནས་དམིགས་བསལ་ཅང་མི་འཇོག་པར་སློབ་ཁྲིད་ཀྱི་མགོ་ནས་སློབ་མ་སོ་སོར་ཉིན་གཅིག་ལ་བྱ་བ་གང་བྱས་དབྱིན་སྐད་ཀྱི་ལམ་ནས་བཤད་དུ་འཇུག་པ་འདི། ལས་བྱ་འབྲི་བ་ལས་ཀྱང་ཤིན་ཏུ་དཀའ་བ་ཞིག་རེད། ཤིན་ཏུ་ཛ་དྲག་ལྡན་ལ་འཚབ་སྣང་སྟེར་བ་ཞིག་རེད། འདི་ལ་དབྱིག་སྐད་ཀྱི་ཁ་བརྡ་ཐུང་ཐུང་ཙམ་གྲ་སྒྲིག་བྱས་པ་ཙམ་གྱིས་ཀྱང་མི་ཆོག་པར་སྤོབས་ཡོད་དགོས་ལ་སྒྲ་གདངས་དག་དགོས་པ་སོགས་ཀྱི་ཆ་རྐྱེན་མང་བོ་ཡོད་པ་རེད། དབྱིན་ཡིག་གསར་སྦྱང་བ་ཞིག་ལ་མཚོན་ན་དགེ་སློབ་ཚང་མ་འཛོམས་ས་ནས་དབྱིན་སྐད་ཀྱིས་ཁ་བརྡ་བྱ་དགོས་ཟེར་ན། དེ་ནི་བོང་བུ་དར་ཐོག་ལ་འདེད་པ་ཟེར་བའི་དཔེ་དེ་དང་འདྲ་བོ་རེད། ཁོ་བོ་ཡང་དར་ཐོག་ལ་མང་བོར་དེད་ཚར་བ་རེད། འོན་ཀྱང་དཀའ་བའི་ཚོད་ཀྱིས་རང་ལ་སྦྱོར་བརྡར་མང་བོ་ཐོབ་ཅིང་ཕན་ཐོགས་བླ་མེད་བྱུང་། གྲུབ་འབྲས་ཀྱང་གང་འཚམ་ལོན། འདིས་ཀྱང་དཀའ་ལས་ཇི་ཙམ་བསྐྱོན་ནུས་ན། གྲུབ་འབྲས་དེ་ཙམ་འབྱུང་བ་གསལ་བྱེད་བྱས་སོང་བས། མུ་ནས་ངལ་བ་ཁྱད་དུ་བསོད་འདོད་ཡོད། བརྩོན་པ་དང་དུ་ལེན་འདོད་ཡོད།
网友评论