རྩ་དོན་དྲུག་པ་ནི། “དཀོན་དངོས་རྩ་དོན་”ཞེས་པ་དེ་རེད། དེ་ནི་དངོས་རྫས་གང་ཞིག་ཧ་ཅང་དཀོན་པའི་སྣང་བ་ཤར་ཚེ་ཀུན་གྱིས་མཁོ་གལ་ཆེན་པོ་མེད་བཞིན་དུ་དེ་ཉིད་རག་པར་འབད་ཡོང་བའི་གཤིས་སྤྱོད་སྡུག་པོ་ཅིག་ཡོད་པ་དེ་ལ་ཟེར། དཀོན་དངོས་ཀྱི་རྩ་དོན་འདི་སྤྱད་ནས་མི་མང་ལ་མགོ་སྐོར་གཏོང་མཁན་ཚ་ཤོས་ཤིག་ནི། དེང་སྐབས་ཀྱི་ཐད་གཏོང་ལམ་ན་ཚོར་གཉེར་བྱེད་བཞིན་པའི་དྲྭ་དཔོན་དག་རེད། ཁོ་ཚོས་ནམ་རྒྱུན་ཚོང་བཤད་རྒྱག་སྐབས་ཚོང་རྫས་གང་ཞིག་ཡིན་ན་ཡང་མྱུར་དུ་མངག་ཉོ་བྱ་མ་ཐུབ་ཚེ། ལག་ལ་ཡོང་དཀའ་རབས་དང་། ཚར་ལ་ཡོད་རབས། ཉུང་ཙམ་ལས་ལྷག་མེད་རབས་སོགས་ལུང་བ་གང་བཤད་དེ། མི་མང་ལ་བཙན་ཐབས་ཀྱིས་ཉོ་རུ་འཇུག་བཞིན་ཡོད། དོན་ལ་ཁོ་ཚོར་ཚོང་རྫས་རྫོགས་མཐའ་མེད་པ་ཞིག་ཡོད་ཀྱང་ཉོ་མཁན་དག་ལ་ཧ་ཅང་ཉུང་ཙམ་ལས་མེད་པའི་སྣང་བ་བསྐྲུན་བཞིན་པ་དེ་ནི། ཚོང་ལས་པ་ཚོའི་གཡོ་ཐབས་ཁྱད་པར་བ་ཞིག་ཡིན་དུ་ཆུགས་ཀྱང་ང་ཚོ་ཅི་བྱ་གཏོལ་བྲལ་གྱིས་ཁོ་ཚོའི་བསླུ་བྲིད་ཀྱི་དབང་དུ་ཤོར་འགྲོ་བ་དེ་ནི། དངོས་རྫས་གང་ཞིག་དཀོན་པའི་སྣང་བ་ཤར་བ་ན་རང་བཞིན་གྱིས་དེ་ཉིད་རང་ལ་ཐོབ་པར་འདོད་པའི་ལྷན་སྐྱེས་ཀྱི་སྣང་བ་ཞིག་སྐྱེས་ཡོང་བ་དེ། འཁྲུལ་སྣང་འབའ་ཞིག་ཡིན་པར་ངོས་འཛིན་མེད་པ་དེ་ཡི་ཉེས་བྱས་སོ།། ང་ཚོར་མ་བརྟགས་མ་དཔྱད་པའི་ལྷན་སྐྱེས་ཀྱི་གཤིས་སྤྱོད་ཐབས་སྡུག་པོ་དེ་འདྲ་མང་བོ་ཞིག་རང་ཆོས་སུ་མངའ་བ་དེ་ནི། མགོ་བདེ་འཁྲབ་པར་དགའ་བ་ཚོས་ང་ཚོར་མགོ་གཡོག་མགོ་སྐོར་གཏོང་བ་དང་ཤུགས་རྐྱེན་བཟོ་བའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་སྟབས། རང་ཉིད་གཡོ་ལས་ལ་བྱང་བའི་མི་བུ་ཚོའི་ལག་རྡོ་རུ་འགྱུར་བར་མི་བསམ་ན། ལྷན་སྐྱེས་ཀྱི་ཚོར་འདུ་ཉི་ཚེ་བ་དེ་དག་ནི་འཁྲུལ་སྣང་དངོས་ཤིག་ཡིན་པར་ངོས་ཟིན་ཏེ། རང་ཉིད་ཀྱི་གདམ་གསེས་ཡོད་ཚད་རང་ལ་དབང་བ་ཞིག་ཡོང་རྒྱུ་དེ་ནི། མི་རུ་སྐྱེས་པའི་དོན་པོའམ་ཤེས་པ་གནད་དུ་གནད་པའི་རྟགས་མཚན་རང་ཡིན་འདུག་ན། དེའི་རིགས་ལ་དོ་སྣང་སྤྲོད་རྒྱུ་དེ་ཅིས་ཀྱང་གནད་དུ་ཆེ་བ་ཞིག་མ་ཡིན་ནམ།
网友评论