美文网首页
རང་གི་ཞེ་མེར་བའི་གཤིས་སྤྱོད།

རང་གི་ཞེ་མེར་བའི་གཤིས་སྤྱོད།

作者: SONAM0 | 来源:发表于2020-11-06 23:42 被阅读0次

    རང་གི་རྩོམ་གཤིས་ཇེ་བཟང་ལ་འགྲོ་ཕྱིར་གཞན་གྱི་ལེགས་རྩོམ་མང་བོ་ཀློག་འདུན་ཆེན་པོ་བཅངས་ཡོད་ནའང་། དུས་ཚོད་དང་ཁོམ་ལོང་མེད་པས་མིན་ཡང་གོམས་ལོབས་ཤིག་གིས་གཞན་རྩོམ་ལ་ལྟ་བའི་སྐབས་ནི། ཤིན་ཏུ་ཉུང་ངོ་།། གནད་དོན་དེའི་དབང་གིས་སྔར་བཞིན་ཡིག་ཚོགས་སྤུངས་པ་ཙམ་ལས་ཚིག་སྦྱོར་དང་ཚིག་རྩལ་གང་ལ་ཡང་འགྱུར་བ་སྤུ་ཙམ་འགྲོ་ཐུབ་ཀྱི་མེད་པ་འདི་རེད། རྩོམ་རྩལ་བཟང་དགོས་ན་ཆ་རྐྱེན་གཙོ་བོ་དེ་རྩོམ་པ་པོ་རྩེ་གྲས་ཚོའི་བརྩམས་ཆོས་གང་མང་བཀླགས་ཏེ། ལེགས་ཆ་འཚོལ་སྡུད་བྱེད་པར་འབད་བརྩོན་བྱ་དགོས་པ་དེ་ཡིན་པར་ངོས་ཟིན་ཏོག་ཙམ་ཐོབ་ཡོད་པ་དང་། རང་གི་སྟོང་ཆ་དེ་ཅི་ལྟར་སྐོང་དགོས་པ་ཡང་ཤེས་བཞིན་དུ་ད་དུང་ལམ་དེར་འཇུག་པའི་བགྱི་བ་མི་རྩོམ་པ་དེ་རང་གཤིས་གྱོང་བོ་འདིའི་ངན་སྤྱོད་ཆེ་ཤོས་སུ་མཐོང་ངོ་།། མ་འོངས་པར་སློབ་གཉེར་ལས་བྱུང་བའི་རང་གི་ཐུན་མིན་གྱི་ལྟ་ཚུལ་དང་དཔྱད་འབྲས་གང་ཡོད་ཁ་གསལ་གོ་བདེའི་ངང་ནས་ཡིག་ཐོག་ལ་འཇོག་པར་ཆགས་ཐོགས་མེད་པ་ཞིག་ཡོང་རྒྱུ་ནི་རང་གི་ཕུགས་འདུན་གཙོ་བོ་ཞིག་དང་ལས་དོན་གལ་ཆེན་ཞིག་ཏུ་བཟུང་ཡོད་པས། རྩོམ་རྩལ་སྦྱང་རྒྱུ་ནི་སེམས་འདུན་གྱི་ཀློང་རིམ་ན་འོད་དུ་སྦྲུམ་པའི་རྒྱང་རིང་གི་ཡུལ་གྲུ་དེར་བགྲོད་པར་མ་བརྒྱུད་ཐུ་མེད་ཀྱི་འཕྲང་ལམ་རིང་མོ་དེའོ།། རྨི་ལམ་དེའི་ཆེད་དུ་ལམ་བར་གྱི་འགག་འཕྲེང་དེ་ཇི་འདྲ་དོག་ཀྱང་ཨམ་གཙུགས་སྡོམ་བཞིན། མདུན་དུ་བསྐྱོད་དགོས་པ་ཡང་ལས་ཀྱིས་བསྐོས་པའི་རང་འགན་ནོ།། ལུས་སེམས་ལྷོད་ལ་བབས་ཏེ་དེ་ལྟར་ཞིབ་ཏུ་བསམ་ན་གང་ནས་འགོ་རྩོམ་དགོས་པ་དང་གང་ལ་འགྲོ་དགོས་པ་དེ་གསལ་བར་ཤེས་ཡོང་ནའང་། དོན་དངོས་སུ་ལག་ལེན་ལ་གཞོལ་བའི་དུས་སུ་སླེབས་པ་ན་ཡང་རྫོགས་མཐའ་མེད་པའི་ཕྱིར་ནུར་གྱི་ལས་སུ་ཞུགས་འགྲོ་བ་དེ་ནི། ཁོ་བོའི་ཁ་དོན་མི་མཚུངས་པའི་ཞེ་མེར་ཅིང་ཡ་ང་བའི་ངང་ཚུལ་སྐྱུག་བྲོ་བ་དེའོ།། དེས་ན་རང་མགོ་རང་གཡོག་གི་སྐྱོ་གར་རིང་མོ་དེའི་མཇུག་ནི། ནམ་ཞིག་ལ་རྫོགས་སྲིད་དམ།

    相关文章

      网友评论

          本文标题:རང་གི་ཞེ་མེར་བའི་གཤིས་སྤྱོད།

          本文链接:https://www.haomeiwen.com/subject/gbaxbktx.html