美文网首页
无标题文章

无标题文章

作者: 多松 | 来源:发表于2016-12-31 21:49 被阅读0次

    སྤྱི་ལོ་རྙིང་པའི་མགོ་རྔ་བསྡུས་ན།

    དེ་རིང་ནི་སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་ཆེས་ཐ་མའི་ཉིན་མོ་ཡིན་སྟབས། ལོ་སྔོན་མར་བྲིས་པའི་རྩོམ་ཡིག་གཉིས་ལ་བསྐྱར་དུ་བལྟས་པ་ཡིན། དེ་ལས་གཅིག་ནི་ལོ་སྔོན་མའི་དེ་རིང་བྲིས་པ་སྟེ། ཕྱིར་རྟོག་གི་བསམ་བློས་རང་གི་མ་འཇོན་པ་མ་ནུས་པ་ཤ་སྟག་བསྒྲགས་པའི་ལེ་བདའི་སྨྲེ་སྔགས་ཙམ་དུ་འདུག ཅིག་ཤོས་ནི་ལོ་འདིའི་ཚེས་གཅིག་ཏུ་བྲིས་པ་སྟེ། ལོ་སར་གྱི་ཉིན་མོ་ནི་འཆི་བ་ལ་ལོ་གཅིག་གིས་ཉེ་སོང་བའི་བརྡར་ཤེས་ཏེ། རང་གི་ཕུགས་འདུན་ལ་བརྩོན་པ་ཇེ་ཆེར་བསྐྱེད་པ་དང་། ལྷག་མའི་མི་ཚེ་སྤྲོ་སྣང་གིས་སྐྱེལ་ཨེ་ཐུབ་ལ་འབད་དགོས་ཞེས་པའི་དོན་དུ་ཟད།

    གང་ལྟར་གཅིག་ནི་སྤྱི་ལོ་སྔོན་མའི་ལོ་འཇུག་གི་འཇུག་བསྡུ་དང་། གཅིག་ནི་ལོ་འདིའི་སྔོན་འགྲོའི་སྟ་གོན་དུ་བྲིས་པའི་རྩོམ་རེད།

    ད་ནི། སྔོན་འགྲོའི་འཕེན་པ་བཏང་བ་བཞིན། དངོས་གཞིའི་ལས་ཀ་བྱུང་ཡོད་མེད་ཞིབ་གཤེར་བྱ་བ་ནི། དོ་དགོང་གི་མཇུག་བསྡུའི་རྩོམ་འདི་འབྲི་འདོད་པའི་ཀུན་སློང་ཡིན་ལ། ལོ་གསར་པའི་ནང་དུ་ཅི་ཞིག་བྱ་བའི་གཞི་འདིང་བ་ནི་རྩོམ་འདིའི་ཉིང་དགོས་སུ་བསམ་ཡོད།

    ཞིབ་ཏུ་དཔྱད་ན། ལོ་སྔོན་མར་རང་ཉིད་རང་ཉིད་ལ་རེ་བ་ཆེན་པོ་ཞིག་ཆད་སོང་བ་དེས་ནི། ལོ་དེར་རང་གིས་ལེགས་བྱས་ཅི་ཡང་མ་འགྲུབ་པ་མཚོན་པ་མིན་པར། རང་གིས་རང་ལ་བཅངས་པའི་རེ་བ་ཤིན་ཏུ་མཐོ་བས་དམིགས་འབེན་དེར་མ་སོན་ཞིང་། དེའི་སྟབས་ཀྱིས་སྐྱོ་སྣང་ཆུ་བུར་བརྡོལ་བརྡོལ་བྱུང་བ་དེ་རིང་གཞི་ནས་ཤེས།

    རྒྱུ་མཚན་དེའི་ཕྱིར། དོ་དགོང་གི་རྩོམ་ཡིག་འདི་ནི། དང་པོ་རང་གི་འཇོན་ནུས་དང་གོ་རྟོགས་ཆེས་ཕལ་བར་ཡོད་པ་ཡིད་ལ་བཅངས་ཏེ་དེའི་ཆ་ནས་གཞལ་འདོད་པས། ལོ་སྔོན་མ་ལྟར་ཡིད་ཆད་འབྱུང་དགོས་དོན་མེད་ལ། ལྷག་ཏུ་རང་ལ་ཞིབ་གཤེར་བྱ་ཚུལ་ནི། མཐོ་ས་ནས་མར་མི་བལྟ་བར་དམའ་ས་ནས་ཡར་དཔྱད་ན་ལེགས་སྙམ་པའི་ངེས་ཤེས་ཞིག་ཀྱང་སྐྱེས་སོང་།

    གཅིག ལོ་འདིར་ལོ་རྒྱུས་ལ་ཞིབ་འཇུག་གི་དཀའ་སྤྱད་མ་ནུས་ནའང་། དང་པོར་ཆེས་མཁོ་བའི་ལོ་རྒྱུས་ཀྱི་གལ་ཆེའི་རང་བཞིན་ལ་གོ་བ་ཆགས་པ་དང་། དོན་དམ་པའི་ལོ་རྒྱུས་ནི་གང་འདྲ་ཞིག་ཡིན་པ་དང་། ལོ་རྒྱུས་གང་འདྲ་ཞིག་ལ་ཡིད་རྟོན་ན་མི་བསླུ་བའི་ཚུལ་དང་། ལོ་རྒྱུས་ནི་འདས་དོན་ཙམ་ལས་ད་ལྟ་ངོམས་ཆོག་པ་གང་ཡང་མིན་པ་སོགས་ཟེར་སྒྲོས་ཙམ་མིན་པར་ཕྱོགས་མཐོང་རེ་ངོས་ཟིན་ཏེ། ལོ་རྗེས་མར་ལོ་རྒྱུས་ལ་དཔྱོད་པའི་རྨང་གཞི་རགས་ཙམ་ཆགས་པ་ནི་ལོ་འདིའི་ཡོང་འབབ་དང་པོའོ།།

    གཉིས། ང་ཚོས་ཕལ་བའི་ནང་གི་ཕལ་བར་གཡུགས་པའི་རིག་གཞུང་། ཤེས་བྱ། ཀུན་སྤྱོད། ལུགས་སྲོལ་སོགས་ནི། དོན་དུ་ཆེས་དོ་སྣང་བྱ་རིན་ཡོད་པའི་གྲས་སུ་མཐོང་སྟེ། མི་ཞིག་མི་རུ་ཆགས་པའི་རྨང་གཞིའམ་རྒྱུན་ཤེས་ལ་དོ་སྣང་ཅུང་ཙམ་བྱུང་སོང་བ་ནི། ལོ་འདིའི་ཡོང་འབབ་གཉིས་པའོ།།

    གསུམ། གཞུང་ལུགས་ལ་དཔྱོད་སྐབས་ལེགས་བཤད་དང་ཉེས་བཤད་ཀྱི་ཁྱད་པར་རམ། གོ་བ་ཆེ་མིན། རིན་ཐང་ཡོད་མེད་སོགས་རྩོམ་པ་པོའི་ངོ་ལ་མི་བལྟ་བར། རང་སེམས་དཔང་པོར་ཕེར་བའི་དྲང་དཔྱོད་ནུས་ཚོད་ཀྱིས་ཐུབ་སོང་བ་དང་། གཅིག་བསླབ་ཀྱང་འདིའི་དགོས་དོན་ག་རེ། གཉིས་ཤེས་ཀྱང་འདིའི་དགོས་དོན་ག་རེ་སྙམ་པའི་འདང་རྒྱག་ཅུང་བྱས་པ་ནི། ལོ་འདིའི་ཡོང་འབབ་གསུམ་པའོ།།

    བཞི། ང་ཚོར་གུ་ཡངས་གུ་ཡངས་གླེང་མཁན་དུ་མ་ཡོད་ཀྱང་། གྲུབ་མཐའ་མི་གཅིག་པའམ། ཆོས་ཁས་ལེན་མིན་ནམ། ལྷ་སྲུང་བསྟེན་ཕྱོགས་སོགས་ཀྱི་གནད་འགག་ལ་ཐུག་དུས་ཁོང་ཁྲོ་འབར་ཡོང་བ་ལས། གུ་ཡངས་ཐུབ་པ་ཤིན་ཏུ་ཉུང་ངུ་རེད་མོད། ལྟ་ཕྱོགས་ཡེ་ནས་མི་མཚུངས་པའི་མི་དུ་མ་ཞིག་ལའང་། རང་ནུས་དང་འཚམས་པའི་གུ་ཡངས་ཀྱིས་མཐུན་སྒྲིལ་དང་། གུས་བརྩི་བྱས་ཏེ་སེམས་པ་སེམས་པས་ཤེས་ཐུབ་སོང་བ་དེ་ནི། ལོ་འདིའི་ཡོང་འབབ་བཞི་པའོ། །

    ལྔ། ལོ་སྔོན་མ་དག་ཏུ། ཕར་ནས་བཤད་ན་དེ་ཡང་བདེན། ཚུར་ནས་བཤད་ན་དེ་ཡང་བདེན་སྙམ་པའི་སེམས་འགྱུ་ཞིག་ཡོད་ནའང་། ད་ནི་གཉིས་ཀའི་སྐྱོན་ཡོན་ལ་རང་སྟོབས་ཀྱིས་འདང་རྒྱག་ཅི་ནུས་མ་བྱས་པར། གང་བྱུང་དུ་ཁས་ལེན་པའི་གཤིས་ཀ་ཅུང་ཟད་ཆུང་དུ་སོང་བ་ནི། ལོ་འདིའི་ཡོང་འབབ་ལྔ་པའོ།།

    相关文章

      网友评论

          本文标题:无标题文章

          本文链接:https://www.haomeiwen.com/subject/hrjbvttx.html