ད་དུང་མུ་འཐུད་ནས་དབྱིན་ཡིག་གི་སློབ་ཁྲིད་ལ་ཆག་མེད་དུ་ཞུགས་བཞིན་ཡོད། ལས་བྱ་འབྲི་བ་དང་། བསྐྱར་སྦྱོང་བྱེད་པ། མིང་ཚིག་སྣ་ཚོགས་བློར་འཛིན་པ། སློབ་ཁྲིད་འཚོགས་མ་ཐག་དབྱིག་སྐད་ཀྱི་ལམ་ནས་ཉིན་གཅིག་གི་འགྲོ་འདུག་སྤྱོད་གསུམ་གྱི་བྱ་བ་སྟབས་བདེ་ཞིག་དགེ་སློབ་ཚང་མར་ཡར་ཞུ་བྱེད་དགོས་པ་ལ་སོགས་ཀྱི་ཆ་ན་དཀའ་སྡུག་གང་མང་ཞིག་མཆིས་པ་ཡང་སྨོས་ཅི། ཡིན་ཡང་ལྟོས་དབང་ཞིག་གིས་དབྱིག་ཡིག་གི་ཁྲིད་རྩལ་ལ་ཧ་ཅང་བྱང་ཆ་ཆེ་བའི་དགེ་རྒན་བཟང་བོ་ཞིག་ལ་འཕྲད་སོང་བས་རང་ངོས་ནས་ཀྱང་གོ་སྐབས་ཡག་པོ་འདི་དམ་འཛིན་གྱིས་ནུས་པ་གང་ཡོད་འདོན་གྱིན་ཡོད། སྔར་དང་བསྡུར་ན་གྲུབ་འབྲས་ཀྱང་གང་ལ་གང་འཚམ་ལོན་གྱིན་པའི་ཁུལ་འདྲ་བོ་ཡིན། གལ་སྲིད་དབྱིག་ཡིག་སློབ་ཁྲིད་འདི་ལ་ཞུགས་མེད་པའི་དབང་དུ་བཏང་ན་དབྱིན་ཡིག་སྦྱངས་པའི་ཕྱོགས་ལ་འདི་ཙམ་གྱི་དོ་སྣང་ཞིག་ཡེ་ནས་སླེབས་མི་སྲིད་ལ། གཅིག་བྱས་ན་ད་དུང་ཕྱི་གཤོལ་གྱི་ལེ་ལོའི་འཇིག་རྟེན་ན་སྣང་བ་རྒྱ་ཡན་དུ་བཏང་སྟེ། དབྱིག་ཡིག་སྦྱངས་པའི་མགོ་ཙམ་ཡང་བརྩམས་མེད་ཀྱང་སྲིད་དོ།། ད་ཚོད་གནས་ལུགས་ཤིག་རྟོགས་ཡོང་བ་ནི། རང་ལ་རྣམ་གཡེང་དང་ཁོང་ལོང་གི་གོ་སྐབས་མང་བོ་མ་བྱིན་པར་ཅི་ཐུབ་ཀྱིས་སློབ་ཁྲིད་སོགས་ལ་ཞུགས་ཐུབ་བྱས་ན། མཐའ་མར་དགེ་རྒན་དང་སློབ་གྲོགས་ཚོའི་སྐུལ་སློང་གི་དབང་གིས་རྣམ་གཡེང་གི་ངང་ནས་དུས་འདའ་བར་བྱེད་བསམ་ཡང་རང་དགར་འདུག་བཟོོད་མེད་པར་བཏང་ཡོང་བ་དང་མི་སྦྱོང་ཐ་མེད་ཀྱི་གནས་སུ་བསྐྱལ་ཡོང་བས། འདི་ནི་སློབ་གཉེར་གྱི་ལམ་ལ་སྐུལ་ཐབས་བླ་མེད་ཅིག་ཏུ་སྙམ་མོ། ལྷག་པར་སློབ་ཡོན་མཐོ་བའི་སློབ་ཁྲིད་ཅིག་ལ་མིང་ཐོ་བཀོད་ཚར་བ་ནས་ཐ་ན་དངུལ་སྒོར་ཙམ་པོ་དེའི་ཆེད་དུའང་། སློབ་གཉེར་གྱི་ལམ་ལ་རང་བཞིན་གྱིས་ཕྱོགས་ཡོང་ངོ་།། འདི་ནས་ཕྱོགས་གཞན་ཞིག་ནས་བཤད་ན་རང་གི་རྣམ་གཡེང་དང་ལེ་ལོ་བཙན་པོའི་ཁ་གཏད་ནས་ལངས་ཐབས་ཤིག་ཀྱང་ཡིན་ས་རེད།
网友评论