ཀུན་འགྲོ་ལྔའི་སྡོམ་དང་མཚན་ཉིད།
ཚོར་བ་འདུ་ཤེས་སེམས་པ་དང་།།
ཡིད་ལ་བྱེད་པ་རེག་པ་ལྔ།།
ཚོར་བའི་མཚན་ཉིད། སིམ་གདུང་བར་མ་གསུམ་ཅི་རིགས་མྱོང་བས་རབ་ཏུ་ཕྱེ་བའི་རིག་པ།
འདུ་ཤེས་ཀྱི་མཚན་ཉིད། རང་ཡུལ་གྱི་ཐུན་མོང་མ་ཡིན་པར་མཚན་མ་འཛིན་པས་རབ་ཏུ་ཕྱེ་བའི་རིག་པ།
སེམས་པའི་མཚན་ཉིད། རང་དང་མཚུངས་ལྡན་གྱི་སེམས་ཡུལ་ལ་གཡོ་བས་རབ་ཏུ་ཕྱེ་བའི་རིག་པ།
ཡིད་ལ་བྱེད་པའི་མཚན་ཉིད། རང་དང་མཚུངས་ལྡན་གྱི་སེམས་དམིགས་པ་བྱེ་བྲག་པ་ལ་གཏོད་པས་རབ་ཏུ་ཕྱེ་བའི་རིག་པ།
རེག་པའི་མཚན་ཉིད། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཚོར་བ་ཉམས་འགྱུར་དང་མཐུན་པར་རང་ཡུལ་གཅོད་པས་རབ་ཏུ་ཕྱེ་བའི་རིག་པ།
ཡུལ་ངེས་ལྔའི་སྡོམ་དང་མཚན་ཉིད།
འདུན་པ་མོས་པ་དྲན་པ་དང་།།
ཏིང་ངེ་འཛིན་དང་ཤེས་རབ་ལྔ།།
འདུན་པའི་མཚན་ཉིད། བསམ་པའི་དངོས་པོ་ལ་དམིགས་ནས་དོན་དུ་གཉེར་བའི་རབ་ཏུ་ཕྱེ་བའི་རིག་པ།
མོས་པའི་མཚན་ཉིད། ཚད་མས་ངེས་ཟིན་གྱི་རང་ཡུལ་གྱི་དོན་ལ་མཐའ་གཅིག་ཏུ་འཛིན་པས་རབ་ཏུ་ཕྱེ་བའི་རིག་པ།
དྲན་པའི་མཚན་ཉིད། འདྲིས་པའི་དངོས་པོ་དམིགས་ནས་དམིགས་པ་མི་བརྗེད་པས་རབ་ཏུ་ཕྱེ་བའི་རིག་པ།
ཏིང་ངེ་འཛིན་གྱི་མཚན་ཉིད། བརྟགས་ཟིན་པའི་དངོས་པོ་ལ་དམིགས་ནས་རྒྱུན་ལྡན་དུ་འཇོག་པའི་སེམས་རྩེ་གཅིག་པས་རབ་ཏུ་ཕྱེ་བའི་རིག་པ།
ཤེས་རབ་ཀྱི་མཚན་ཉིད། བརྟག་བྱའི་དངོས་པོ་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བའི་རིག་པ།
དགེ་བ་བཅུ་གཅིག་གི་སྡོམ་དང་མཚན་ཉིད།
དད་དང་ངོ་ཚ་ཤེས་ཁྲེལ་ཡོད།།
འདོད་ཆགས་དང་ནི་ཞེ་སྡང་དང་།།
གཏི་མུག་མེད་པའི་དགེ་རྩ་གསུམ།།
བརྩོན་འགྲུས་ཤིང་སྦྱང་བག་ཡོད་དང་།།
བཏང་སྙོམས་རྣམ་པར་མི་འཚེ་བའོ།།
དད་པའི་མཚན་ཉིད། ཡིད་ཆེས་དང་འདོད་གསུམ་པོ་གང་རུང་གིས་རབ་ཏུ་ཕྱེ་ཞིང་མ་དད་པའི་དངོས་ཀྱི་གཉེན་པོ་བྱེད་པའི་རིག་པ།
ངོ་ཚ་ཤེས་པའི་མཚན་ཉིད། རང་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པས་རབ་ཏུ་ཕྱེ་བའི་རིག་པ།
ཁྲེལ་ཡོད་ཀྱི་མཚན་ཉིད། གང་ཟག་གཞན་ནམ་ཆོས་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པས་རབ་ཏུ་ཕྱེ་བའི་རིག་པ།
མ་ཆགས་པའི་མཚན་ཉིད། སྲིད་པའི་ཡོ་བྱད་ལ་ཡིད་འབྱུང་ཞིང་མ་ཆགས་པས་རབ་ཏུ་ཕྱེ་བའི་རིག་པ།
ཞེ་སྡང་མེད་པའི་མཚན་ཉིད། ཆོས་གསུམ་གང་རུང་ལ་དམིགས་ནས་ཞེ་སྡང་དངོས་སུ་འཇོམས་ཤིང་ཀུན་ནས་མནར་སེམས་མེད་པས་རབ་ཏུ་ཕྱེ་བའི་རིག་པ།
གཏི་མུག་མེད་པའི་མཚན་ཉིད། རང་རྒྱུ་སྐྱེས་ཐོབ་དང་སྦྱོར་བྱུང་གང་རུང་ལ་བརྟེན་ནས་གཏི་མུག་གི་གཉེན་པོ་བྱེད་ཅིང་ཤེས་རབ་བརྟན་པ་དང་བཅས་པས་རབ་ཏུ་ཕྱེ་བའི་རིག་པ།
བརྩོན་འགྲུས་ཀྱི་མཚན་ཉིད། དགེ་བའི་དམིགས་པ་ལ་སེམས་མངོན་པར་སྤྲོ་བས་རབ་ཏུ་ཕྱེ་བའི་རིག་པ།
ཤིན་སྦྱངས་ཀྱི་མཚན་ཉིད། ལུས་སེམས་གང་རུང་གི་གནས་ངན་ལེན་རྒྱུན་གཅོད་ཅིང་སེམས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་པ་བཞིན་དུ་བཀོལ་དུ་རུང་བའི་ལག་རྗེས་འཇོག་པས་རབ་ཏུ་ཕྱེ་བའི་རིག་པ་སེམས་བྱུང་དུ་གྱུར་པའི་ཤིན་སྦྱངས་ཀྱི་མཚན་ཉིད།
བག་ཡོད་ཀྱི་མཚན་ཉིད། དུག་གསུམ་མེད་པ་བརྩོན་འགྲུས་དང་བཅས་པ་ལ་བཏགས་ཤིང་། དགེ་བའི་ཆོས་སྒོམ་ཞིང་ཟག་བཅས་ལས་སེམས་སྲུང་བས་རབ་ཏུ་ཕྱེ་བའི་རིག་པ།
བཏང་སྙོམས་ཀྱི་མཚན་ཉིད། དུག་གསུམ་མེད་པ་བརྩོན་འགྲུས་དང་བཅས་པ་ལ་བཏགས་ཤིང་། བྱིང་རྒོད་འགོག་པའི་རྩོལ་བ་ཆེན་པོས་སྒྲིམ་མི་དགོས་པར་སེམས་བྱིང་རྒོད་ཀྱིས་མི་མཉམ་པ་མེད་པས་རབ་ཏུ་ཕྱེ་བའི་རིག་པ།
རྣམ་པར་མི་འཚེའི་མཚན་ཉིད། ཀུན་ནས་མནར་སེམས་མེད་པའི་ཆ་ཤས་གང་ཞིག སེམས་ཅན་སྡུག་བསྔལ་ཅན་ལ་དེ་དང་བྲལ་འདོད་ཀྱི་མི་བཟོད་པས་རབ་ཏུ་ཕྱེ་བའི་རིག་པ།
རྩ་ཉོན་དྲུག་གི་སྡོམ་དང་མཚན་ཉིད།
འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་།།
མ་རིག་ཐེ་ཚོམ་ལྟ་བ་དྲུག།
འདོད་ཆགས་ཀྱི་མཚན་ཉིད། ཟག་བཅས་ཀྱི་དངོས་པོ་ལ་རང་གི་ངོ་བོ་སྒོ་ནས་ཡིད་འོང་དུ་མཐོང་ནས་དོན་དུ་གཉེར་བས་རབ་ཏུ་ཕྱེ་བའི་རིག་པ།
ཁོང་ཁྲོའི་མཚན་ཉིད། ཆོས་གསུམ་གང་རུང་ལ་དམིགས་ནས་མི་གཟོད་ཅིང་ཀུན་ནས་མནར་སེམས་པས་རབ་ཏུ་ཕྱེ་བའི་རིག་པ།
ང་རྒྱལ་གྱི་མཚན་ཉིད། འཇིག་ལྟ་ལ་བརྟེན་ནས་སེམས་ཁེངས་པས་རབ་ཏུ་ཕྱེ་བའི་རིག་པ།
མ་རིག་པའི་མཚན་ཉིད། གནས་ལུགས་གང་ཡང་རུང་བ་ལ་རྨོངས་པས་རབ་ཏུ་ཕྱེ་བའི་ཉོན་མོངས།
ཐེ་ཚོམ་གྱི་མཚན་ཉིད། རང་ཡུལ་ལ་མཐའ་གཉིས་སུ་དོགས་པས་རབ་ཏུ་ཕྱེ་ཞིང་དགེ་བ་ལ་བར་དུ་གཅོད་པའི་རིག་པ།
ཉོན་མོངས་ཅན་གྱི་ལྟ་བ་ལ་ལྔའི་མཚན་ཉིད།
འཇིག་ལྟའི་མཚན་ཉིད། རང་དབང་བའི་ངའམ་ང་ཡི་བ་འཛིན་པའི་ཤེས་རབ་ཉོན་མོངས་ཅན།
མཐར་ལྟའི་མཚན་ཉིད། འཇིག་ལྟས་བཟུང་བའི་བདག་དང་བདག་གི་བ་ལ་རྟག་ཆད་གང་རུང་དུ་ལྟ་བའི་ཤེས་རབ་ཉོན་མོངས་ཅན།
ལྟ་བ་མཆོག་འཛིན་གྱི་མཚན་ཉིད། ལྟ་ངན་དང་ལྟ་ངན་གྱི་རྟེན་དུ་གྱུར་པའི་ཕུང་པོ་གང་རུང་ལ་མཆོག་སོགས་སུ་ལྟ་བའི་ཤེས་རབ་ཉོན་མོངས་ཅན།
ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་མཚན་ཉིད། ལྟ་ངན་གྱིས་ཀུན་ནས་སློང་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་དེའི་ཕུང་པོ་གང་རུང་ལ་དམིགས་ནས་དག་གྲོལ་སོགས་སུ་ལྟ་བའི་ཤེས་རབ་ཉོན་མོངས་ཅན།
ལོག་ལྟའི་མཚན་ཉིད། དགེ་སྡིག་སོགས་ཡོད་པའི་དོན་ལ་སྐུར་བའམ་མི་མཐུན་པ་རྒྱུར་འཛིན་པའི་ལོག་པར་རྟོག་པའི་ཤེས་རབ་ཉོན་མོངས་ཅན།
ཉེ་ཉོན་ཉི་ཤུའི་སྡོམ་དང་མཚན་ཉིད།
ཁྲོ་བ་འཁོན་འཛིན་འཆབ་དང་འཚིག།
ཕྲག་དོག་སེར་སྣ་སྒྱུ་དང་གཡོ།།
རྒྱགས་དང་རྣམ་འཚེ་ངོ་ཚ་མེད།།
ཁྲེལ་མེད་རྨུགས་རྒོད་མ་དད་པ།།
ལེ་ལོ་བག་མེད་བརྗེད་ངས་དང་།།
ཤེས་བཞིན་མ་ཡིན་རྣམ་གཡེང་ངོ་།།
ཁོང་ཁྲོའི་ཆར་གཏོགས་ཤིང་། མནར་སེམས་ཀྱི་གཞི་དགུ་གང་རུང་ཉེ་བར་གནས་ན་གནོད་པར་བྱ་འདོད་པའི་ཀུན་ནས་མནར་སེམས་པས་རབ་ཏུ་ཕྱེ་བའི་རིག་པ་ཁྲོ་བའི་མཚན་ཉིད༑
ཁོང་ཁྲོའི་ཆར་གཏོགས་ཤིང་། གནོད་ལན་བྱེད་འདོད་མི་གཏོང་བས་རབ་ཏུ་ཕྱེ་བའི་རིག་པ་འཁོན་འཛིན་གྱི་མཚན་ཉིད།
གཏི་མུག་གི་ཆར་གཏོགས་ཤིང་། ཁ་ན་མ་ཐོ་བ་སྦ་བར་འདོད་པས་རབ་ཏུ་ཕྱེ་བའི་རིག་པ་འཆབ་པའི་མཚན་ཉིད།
ཁོང་ཁྲོའི་ཆར་གཏོགས་ཤིང་། ཞེ་འགྲས་པ་རྒྱུ་མཚན་དུ་བྱས་ཏེ་ཚིག་རྩུབ་ཀུན་ནས་སློང་བས་རབ་ཏུ་ཕྱེ་བའི་རིག་པ་འཚིག་པའི་མཚན་ཉིད།
ཁོང་ཁྲོའི་ཆར་གཏོགས་ཤིང་། རྙེད་བཀུར་ལ་ཆགས་ནས་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པར་སེམས་ཁོང་ནས་འཁྲུགས་པས་རབ་ཏུ་ཕྱེ་བའི་རིག་པ་ཕྲག་དོག་གི་མཚན་ཉིད།
འདོད་ཆགས་ཀྱི་ཆར་གཏོགས་ཤིང་། ཡོ་བྱད་གཏོང་མི་བྲ་བས་རབ་ཏུ་ཕྱེ་བའི་རིག་པ་སེར་སྣའི་མཚན་ཉིད།
འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་ཤིང་། རྙེད་བཀུར་ལ་ཆགས་ནས་གཞན་སླུ་བའི་བསམ་པས་རང་ལ་མེད་པའི་ཡོད་ཏན་སྟོན་པར་འདོད་པས་རབ་ཏུ་ཕྱེ་བའི་རིག་པ་སྒྱུའི་མཚན་ཉིད།
འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་ཤིང་། རྙེད་བཀུར་ལ་ཆགས་ནས་གཞན་མགོ་རྨོངས་འདོད་པས་རང་གི་ཉེས་པ་གཞན་གྱིས་མི་ཤེས་པར་བྱེད་འདོད་པས་རབ་ཏུ་ཕྱེ་བའི་རིག་པ་གཡོའི་མཚན་ཉིད།
འདོད་ཆགས་ཀྱི་ཆར་གཏོགས་ཤིང་། ཕུན་ཚོགས་ཀྱི་མཚན་མ་མཐོང་ནས་ཡིད་ཚིམ་པས་རབ་ཏུ་ཕྱེ་བའི་རིག་པ་རྒྱགས་པའི་མཚན་ཉིད།
ཁོང་ཁྲོའི་ཆར་གཏོགས་ཤིང་། གཞན་ལ་སྙིང་བརྩེ་བ་སོགས་མེད་པར་མཐོ་འཚམ་པར་འདོད་པས་རབ་ཏུ་ཕྱེ་བའི་རིག་པ་རྣམ་འཚེའི་མཚན་ཉིད།
དུག་གསུམ་གང་རུང་གི་ཆར་གཏོགས་ཤིང་། རང་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམ་པས་རབ་ཏུ་ཕྱེ་བའི་རིག་པ་ངོ་ཚ་མེད་པའི་མཚན་ཉིད།
དུག་གསུམ་གང་རུང་གི་ཆར་གཏོགས་ཤིང་། གང་ཟག་གཞན་ནམ་ཆོས་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམ་པས་རབ་ཏུ་ཕྱེ་བའི་རིག་པ་ཁྲེལ་མེད་ཀྱི་མཚན་ཉིད༑
གཏི་མུག་གི་ཆར་གཏོགས་ཤིང་། སེམས་དམིགས་པ་ལ་ཇི་ལྟ་བ་བཞིན་མི་རྟོག་པས་རབ་ཏུ་ཕྱེ་བའི་རིག་པ་རྨུགས་པའི་མཚན་ཉིད།
འདོད་ཆགས་ཀྱི་ཆར་གཏོགས་ཤིང་། སྔར་མཐོང་བའི་ཡུལ་ལ་སེམས་འཕྲོ་བས་རབ་ཏུ་ཕྱེ་བའི་རིག་པ་རྒོད་པའི་མཚན་ཉིད།
གཏི་མུག་གི་ཆར་གཏོགས་ཤིང་། དགེ་བའི་དམིགས་པ་ལ་ཡིད་མི་ཆེས་པ་དང་མི་དང་བ་དང་མི་འདོད་པས་རབ་ཏུ་ཕྱེ་བའི་རིག་པ་མ་དད་པའི་མཚན་ཉིད།
སེམས་དགེ་བའི་དམིགས་པ་ལ་མི་སྤྲོ་བས་རབ་ཏུ་ཕྱེ་བའི་རིག་པ་ལེ་ལོའི་མཚན་ཉིད།
དགེ་བ་མི་སྒོམ་ཞིང་ཉེས་པའི་ཆོས་ལས་སེམས་མི་སྲུང་བར་བག་ཡངས་སུ་གཏོང་བར་བྱེད་པས་རབ་ཏུ་ཕྱེ་བའི་རིག་པ་བག་མེད་ཀྱི་མཚན་ཉིད།
ཉོན་མོངས་ཀྱི་དམིགས་པ་དྲན་པའི་སྒོ་ནས་དགེ་བའི་དམིགས་པ་ལ་སེམས་མི་གསལ་བས་རབ་ཏུ་ཕྱེ་བའི་རིག་པ་བརྗེད་ངས་ཀྱི་མཚན་ཉིད།
སྒོ་གསུམ་གྱི་སྤྱོད་པ་གང་རུང་ལ་མི་ཤེས་བཞིན་དུ་འཇུག་པས་རབ་ཏུ་ཕྱེ་བའི་རིག་པ་ཤེས་བཞིན་མ་ཡིན་པའི་མཚན་ཉིད།
དུག་གསུམ་གང་རུང་གི་ཆར་གཏོགས་ཤིང་དམིགས་པ་ལ་སེམས་འཕྲོ་བས་རབ་ཏུ་ཕྱེ་བའི་རིག་པ་རྣམ་གཡེང་གི་མཚན་ཉིད།
གཞན་འགྱུར་བཞི་ཡི་སྡོམ་དང་མཚན་ཉིད།
གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་བཞི།།
མི་ཤེས་པའི་ཆར་གཏོགས་ཤིང་དབང་ཤེས་སྡུད་པར་བྱེད་པས་རབ་ཏུ་ཕྱེ་བའི་རིག་པ་གཉིད་ཀྱི་མཚན་ཉིད།
མི་འདོད་བཞིན་དུ་སྔར་བྱས་ཡིད་ལ་གཅགས་པས་རབ་ཏུ་ཕྱེ་བའི་རིག་པ་འགྱོད་པའི་མཚན་ཉིད༑
མིང་དང་བཅས་པའི་དོན་གང་རུང་རགས་པའི་རྣམ་པ་ཙམ་འཚོལ་པས་རབ་ཏུ་ཕྱེ་བའི་རིག་པ་རྟོག་པའི་མཚན་ཉིད།
རང་ཡུལ་ཞིབ་ཏུ་ཕྱེ་ནས་དཔྱོད་པས་རབ་ཏུ་ཕྱེ་བའི་རིག་པ་དཔྱོད་པའི་མཚན་ཉིད།
མིག་གསུམ་པས་བསྒྲིགས་ཏེ་སྤེལ།
2017•11•28 12:30
网友评论