ལྔ་བ་ནི། “དབང་གྲགས་རྩ་དོན་”ཞེས་པ་དེ་ཡིན་ལ། འདི་ནི། ང་ཚོས་ཐོབ་གོ་གནས་མཐོ་བ་དང་མཚན་སྙན་གྲགས་ལྡན་པའི་མི་ཚོར་ཡིད་ཆེས་བྱེད་སླ་བ་དང་རང་བཞིན་གྱིས་དེ་དག་ལ་བདེན་ཁ་སྟེར་སླ་བའི་གཤིས་སྤྱོད་དེ་ལ་ཟེར། དོན་གྱིས་དེ་ནི་ང་ཚོ་ཕྱིའི་རྣམ་པ་སྟེ། དབང་དང་སྙན་གྲགས་ཀྱིས་བསླུས་ཚར་བ་རེད། དེང་སྐབས་མང་བོ་ཞིག་གིས་རླངས་འཁོར་མིང་གྲགས་ཅན་སྐོར་བ་དང་གོན་པ་གོང་ཆེན་གྱོན་པ། རྒྱུ་སྟོབས་མངོན་པ། གསེར་དངུལ་གཡུ་བྱུར་སོགས་ཀྱི་རྒྱན་ཆ་སྣ་ཚོགས་བཏགས་ཏེ། ཕྱིའི་རྣམ་འགྱུར་གྱི་ཆ་ནས་རྫིག་ཉམས་ཧང་སང་བ་ཞིག་བསྟན་ཡོང་བ་དེ་ཡང་ཚོང་ལས་ཀྱི་ཆེད་དུ་གཞན་ལ་བསླུ་བྲིད་གཏོང་བའི་བྱེད་ཐབས་དམིགས་བསལ་བ་ཞིག་ཆགས་ཡོད་པས། ཐོབ་གོ་ས་དང་ཕྱིའི་མིང་རྐམ་ཙམ་ལ་དེ་འདྲའི་དོ་སྣང་སྤྲོད་རྒྱུ་མེད་པ་དེ་ཡང་ཤེས་དགོས་སོ།། དེའི་རིགས་ལ་དོ་སྣང་མེད་ཚེ། ང་ཚོ་ཕྱིའི་རྫིག་ཉམས་དོད་པོ་དང་དབང་གྲགས་ཀྱིས་བསླུས་ཏེ། གཞན་གྱི་ལག་རྡོ་རུ་འགྱུར་ངེས་པ་ཡང་སྨོས་མེད་དོ།། ཡང་མཁས་པར་གྲགས་པ་དང་བསམ་བློ་བར་བསྙད་པའི་མི་དག་གིས་ཅི་བཤད་ཐམས་ཅད་ལ་མཐའ་གཅིག་ཏུ་ཡིད་ཆེས་དང་བདེན་ཁ་སྤྲོད་རྒྱུར་དགའ་བ་དེ་ཡང་ང་ཚོ་དབང་གྲགས་ཀྱི་རྩ་དོན་ཞེས་པ་དེས་གཡོ་སླད་གཏོང་བཞིན་པའི་རྣམ་པ་ཞིག་ཡིན་པས། དེ་ཡང་ཤིན་ཏུ་མཉམ་འཇོག་དགོས་པའི་གནས་སོ།། རྒྱུ་མཚན་སྐབས་མང་བོར་ང་ཚོ་ཕ་རོོལ་གང་དེ་མཁས་པ་མིང་གྲགས་ཅན་ཞིག་ཡིན་པའི་མཚན་སྙན་གྱིས་བསླུས་ཏེ། རང་དགར་མ་བརྟགས་མ་དཔྱད་པའི་ངང་ནས་ཅི་ཡིན་འདི་ཡིན་མེད་པར་ཡིད་ཆེས་ལྟར་སྣང་རེ་སླེབས་བཞིན་ཡོད་ལ། དེས་ནི་རང་གི་སྒེར་ཚུགས་ལྡན་པའི་བསམ་བློའི་མྱུ་གུ་འབུས་པར་བཀག་རྒྱ་བཟོས་ཏེ། མི་ཚེ་དོན་ལྡན་དུ་གཏོང་བར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཟད་དུ་མེད་པ་ཞིག་བསྐྲུན་ཡོང་ངོ་།།
网友评论