གོད་ཆག་ཤོར་བའི་གཉུག་གཤིས།
དུས་རབས་ཀྱི་འགྲན་རྩོད་དང་མི་གཤིས་ཀྱི་འགྱུར་ལྡོག་ཁྲོད་ནས་ཡོད་ཚད་ལ་ཕྱིར་བཤོལ་ཕྱིན་པའི་དུས་འདིར་མཐའ་ན་མི་བུ་རང་གི་གཉུག་གཤིས་དང་སྐྱེས་བུ་སྒེར་གྱི་ཀུན་སྤྱོད་ལའང་གོད་ཆག་ཤོར། ཕ་མེས་གོང་མ་ཚོས་ང་ཚོ་ལ་བཞག་པའི་གསུང་གསེར་ནག་གི་ཐིགས་པ“མྱི་བཀྱགས་ན་རང་མཐོ”ཞེས་པ་དེ་ཉིད་སྐྱི་བསེར་རླུང་ལ་བསྐུར་ཏེ་ང་ཆེ་དང་ང་མཐོའི་མགོ་འཕང་རྡོ་ལ་བརྡབས་ཀྱང་ན་ཟུག་ཡིད་ཀྱིས་མི་ཚོར་བའི་རྨ་བྱས་ས་གཞི་གང་ཞིང་ཁོར་ཡུག་བསྟིམས།
སྤྱིར་མི་ཞིག་ཡིན་ཕྱིན་མཐོ་ལ་གུས་ཤིང་མཉམ་ལ་མཐུན། དམན་པ་ལ་བྱམས་སྐྱོང་གི་བསམ་པས་ཀུན་ནས་ཕྱུག་པ་ཞིག་དགོས་མོད་། ཡིན་ཡང་དུས་ཀྱི་འཕོ་འགྱུར་དང་ཚེ་ཡི་སྙིགས་མར་སླེབས་པའི་སྐབས་འདིར་བཟང་པོ་རིན་ཐང་ཆུང་ཞིང་ངན་པ་ཤིན་ཏུ་བྲན། དགེ་ལ་བརྩོན་སེམས་བྲལ་ཞིང་སྡིག་ལ་གྲོགས་སུ་བསྟེན། མཁས་པ་ས་མཐར་སྤྱུགས་ཤིང་ཁྲམ་པས་རྒྱལ་ཁམས་སྐྱོང་དུས་འདིར་མི་སེམས་གདོན་གྱིས་བསླུས་ཤིང་མི་གཤིས་བགེགས་ཀྱིས་དཀྲུགས།
རང་ཆེ་དང་རང་མཐོ་ཡི་ལྟ་བའི་དབུས་ནས་སྤྱི་ཚོགས་འདི་དང་མི་རིགས་འདིར་ཕན་སེམས་ཅན་གྱི་སྐྱེས་བུ་ཞིག་འཚར་ལོངས་བྱུང་བའི་བསྐལ་བ་ནི་ཕྲ་ཙམ་གདའ།
ང་བཙན་དང་ང་རྒྱལ་གྱི་བར་སྣང་དུ་ས་གཞི་འདི་དང་མཁའ་དབྱིངས་འདིར་འོད་སྣང་སྦྱིན་པའི་ཉིན་བྱེད་ཀྱི་ལང་ཚོ་དབེན་ཙམ་གདའ།
28/11/2017/ཉིན་བྲིས།
网友评论