སྡུག་བསྔལ་འདི་འདྲ་མི་བཙལ་ཁོ་ཐག
--མཚོ་ལྷོ་བ་དགའ་སྨྱུག་སྲས།
སྐྱིད་གང་ལ་འཕྲད་ཀྱང་འཕྲད་ཐུབ།།
སྡུག་གང་ན་གནས་ཀྱང་སེལ་ཐུབ།།
སེམས་ཚོར་བའི་སྡིགས་ཀི་གཏམ་ཡང་།།
གཅིག་ཐང་ན་སེལ་རོགས་ཟེར་ན།།
གྲོགས་ཁྱོད་ཚོ་ཟེེར་ནས་གླེང་ཆོག།
ཁོས་བྱ་བ་ཟེེར་ནས་ཁུར་ཆོག།
སྡུག་མིག་ཆུ་ཟེར་ནས་ཕྱིས་ཆོག།
འཛུམ་སོ་དཀར་བསྟན་ནས་བསུས་ཆོག།
དེ་མིན་ནས་བཤད་སྟངས་བཅའ་སྟངས།།
དེ་མིན་ལས་སྟངས་བཟོ་སྟངས།།
མཐུན་མི་འགྲིག་ཟེར་ན་ཁྱོད་གསའ།།
གཞན་ལྷག་མའི་ཚིག་སྣེ་ང་མེད།།
ཡང་མིན་ན་ཁ་གཙེ་ངོ་གཙེ།།
དེ་མིན་ན་ཀླད་སྐོར་ཀླད་འཁྲབ།།
ཡིན་ཐང་ན་ཡིན་རབ་མི་བཤད།།
ཁ་གྱེས་ཡ་ཁ་ཁ་སོ་སོ།།
ཁ་སང་གི་ཚིག་གི་སྣེ་ལ།།
དེ་རིང་གི་རྨི་ལམ་བཅོལ་ཡོད།།
དེ་རིང་གི་རྨི་ལམ་གཙང་མ།།
སང་ཉིན་ཡང་རྨིས་བར་བསྒུག་ཡོད།།
དོ་ཞག་གི་མི་ཤེས་མི་རྟོགས།།
ཚོད་དཔག་གི་ནུས་པའི་མི་ཟིན།།
བློམ་མི་ཐུབ་གློར་བུའི་དོན་དེ།།
བློར་མི་འཇུག་ནོར་ན་བསམ་སོང་།།
གལ་གོ་བ་ལོག་པའི་ཡིན་ན།།
ལོག་ཡིད་ནས་ལོན་པ་སྨོན་ཡོད།།
གཞན་སྙིང་ལངས་སྙིང་ནད་ཡིན་ན།།
ངས་རྟོགས་ཡོང་བརྟག་པར་དཔྱད་ཡོང་།།
སྔོན་དང་མའི་ཚེ་ནས་ད་བར།།
མཉམ་གཅིག་ལ་འགྲོགས་ཡོད་འགྲོས་ཡོད།།
ཁྱོད་ཅི་ཡིན་ཁོག་ན་གསལ་གསལ།།
ཁྱོས་གང་བྱེད་ཁོག་ན་དག་དག།
ངའི་བསམ་མེད་ད་བློར་ཤར་མེད།།
ཁྱོས་གློར་བའི་བྱ་བ་བྱས་པ།།
ངའི་ཉིན་གཅིག་སྡུག་གི་གཏམ་མིན།།
ངས་ཚེ་གཅིག་སྙིང་གི་ནད་ཡིན།།
འདི་ན་ད་བཟུང་ནས་མཇུག་བར།།
ཁྱོད་ང་ཡི་བར་གྱི་གྲོགས་འདང་།།
དེ་ཟེར་ཆོག་ལོ་འགའི་ལོ་རྒྱུས།།
བཤད་བཞག་ན་ཅུང་ཙམ་རིང་ཡོད།།
ཡང་སྡུག་གཅིག་སོང་བའི་ཤུལ་ལ།།
བསྐྱར་སྡུག་གཅིག་བསྐྱོན་ནས་ཐོན་ཐལ།།
ཐོན་མ་འདུག་སྡུག་གི་གཏམ་རྒྱུད།།
ཁྱོད་བཅར་བ་ང་ལ་མང་མང་།།
ལས་ཐོད་ཡིག་རི་མོ་ཟེར་ན།།
ང་གསལ་ནོ་སྡུག་གི་ཐོད་ཡིག།
འབྲི་དགོས་དང་ན་ཡང་འདི་ཡིན།།
མཚོན་དགོས་དང་ཟེར་ཡང་འདི་ཡིན།།
སྤོ་ཆུང་ཆུང་གའི་ནས་མྱི་རྫོད།།
ཞེས་གཏམ་དཔེ་འདི་དང་གཅིག་མཚུངས།།
བྱུང་མི་བསམ་གློར་བའི་དོན་རེ།།
ཡིད་མི་ཤོང་འདི་ནི་སྐྱོན་ཞིག།
སྤྱིར་ཁོག་རྒྱ་ཁོག་རྒྱ་ཟེར་བ།།
བཀོལ་དགོས་ས་ཟིག་ནས་ལོས་བཀོལ།།
བཀོལ་མ་ཤེས་དང་ན་མྱི་མིན།།
ལྷག་བོད་ཅེས་མིང་དེ་ཆེ་འཚམ།།
ཡིན་འོན་ཀྱང་སྐབས་རེའི་དོན་དང་།།
ལྷག་དོ་ཞག་ལྟ་བུའི་ཚོར་དེས།།
སྙིང་རྩ་ཆུང་ཟེར་ན་མཆོང་ཐལ།།
དབུགས་དུ་བ་བཞིན་ཏུ་ཕྱུང་ཐལ།།
ཡིད་ཤར་ཤར་སར་ནས་སྙིང་ལངས།།
ལམ་རིག་རིག་ས་ལ་འཁོན་ལངས།།
ལྷག་དོན་དོན་ག་གེ་ཤར་ན།།
ཡིད་ཟིག་ན་ལྷོད་ཟིག་མེད་ཀི།།
ད་མི་བཤད་སྡུག་གཏམ་ལུང་གང་།།
ལྷག་ཡིག་ངོར་ཕབས་ན་སྒྱེ་གང་།།
འཚམ་མ་བྱས་མི་མཐུད་བྲིས་ཀྱང་།།
ཆུ་བཞུར་བཞུར་ཡིད་ལ་འགྲིག་ཡོང་།།
ཡོད་ཚད་ཉོག་ཏུ་གྱུར་བའི་ཤར་མར་ཕབས།
网友评论