科才慈智木传奇人生
ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོའི་ཁྱད་མཚར་མི་ཚེའི་ཟུར་ཙམ།ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོའི་ཁྱད་མཚར་མི་ཚེའི་ཟུར་ཙམ།
(科才慈智木传奇人生)
ཁོ་བོ་ནི་འགའ་རེས་བསྟོད་པས་སྟོན་པ་དང་མཉམ་པར་བྱེད་པ། འགའ་རེས་སྨད་པས་འཇིག་རྟེན་ཁམས་ཀྱི་བོད་ཀྱི་ཆེས་ཆེ་བའི་ཁྲམ་པ་ཆེན་པོ་ཞིག་ཡིན་རབས་ལབ། གང་ལྟར་ཁོ་བོ་ནི་མི་ཁས་མི་ཚུགས། བཤད་ཀྱིས་མི་ཚུགས། དུག་གིས་མི་ཚུགས་པའི་རྒྱལ་ཁབ་ཕྱི་ནང་ཀུན་ལ་བག་ཡངས་རྒྱུ་བའི་ཁྱུ་མཆོག་གླང་པོ་དཀར་པོ་ཞིག །གང་ལྟར་མང་པོ་ཞིག་གིས་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་སེམས་འཁྲུག་སྟེ། མི་དེ་ནག་པོ་ཞིག་བཟོ་ཐབས་ལ་འབད་པ་བྱེད། མི་ལ་སྐྱོན་ཡོད་ན་སྐྱོན་བརྗོད་བྱས་ན་མི་འགྲིག་པ་ཅི་ཡོད། ཁོ་བོ་ཡང་མི་སྐྱོན་ཅན་ཞིག་མིན་ཟེར་བ་སུས་ཀྱང་བཤད་དཀའ་མོད། ཡིན་ན་འང་སྐྱོན་ལ་བདེན་དཔང་ཡོད་ན་ཧ་ཅང་ལེགས་པོ་འདུག །མང་པོ་ཞིག་གིས་ཟེར་སྒྲོས་ཙམ་ལ། ཚྭ་སྣོན་སར་ཚྭ་བསྣན། གཡེར་མ་སྣོན་སར་གཡེར་མ་བསྣན་རྗེས། རང་གཞན་གཉི་གའི་ལུས་སེམས་འཁྲུག་པར་བྱེད་པའི་བེར་བེར་ཞིག་བཟོ་འདོད་ཀྱིས་དགའ་ཀྲོག་ཀྲོག་བྱེད། དེ་ནས་མི་དེ་ཐུ་རབས། ངན་རབས་སོགས་གང་ཐུ་གང་བཙོག་གི་ཚིག་ངན་ལུང་བ་གང་ལྷུ་བསྒྲིགས་ཏེ། སྐད་ཆ་དང་ཡི་གེ་གང་རུང་གི་ལམ་ནས་བརྒྱ་ཡར་འགྲོ་སྟོང་མར་འགྲོར་མི་དེ་འདི་འདྲ་ཞིག་གོ །དེ་འདྲ་ཞིག་གོ་ཟེར་ནས་ལབ་འོང་། དེའི་སྟེང་ནས་རང་ཉིད་འཇོན་པོ་ཞིག་ཡིན་མདོག་སྟོན། གང་ལྟར་རེ་ཞིག་འོ་ཅག་གིས་ཀུན་སློང་མ་དག་པ་དེ་ཀུན་ཟུར་དུ་ཞོག་ལ། ལུས་སེམས་ལྷོད་པོར་གནས་ཏེ། བཟང་ངན་གཉིས་ཀྱི་ངོས་ནས་བསམ་བློ་རེ་བཏང་ན་ཁྱེད་ཀྱིས་ཁོ་བོའི་མི་འདྲ་ས་མང་པོ་ཞིག་མཐོང་ཐུབ་འོང་སྙམ། མ་ཟད། འོ་ཅག་དང་ཁོ་བོ་གཉིས་ཀྱི་བར་ཁྱད་དེ་འང་དལ་གྱིས་མཐོང་ཡོང་སྙམ། དེ་དང་མཉམ་དུ་དེའི་སྐོར་ལ་བསམ་བློ་འང་གཞན་ཞིག་འཁོར་མི་འོང་སྙམ། ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། འོ་ཅག་མང་པོ་ཞིག་གིས་རང་ཉིད་འཇོན་ཐང་ཅན་ཤ་སྟག་ཅིག་ཡིན་བསམ་གྱི་ཡོད་ན་འང་། རྒྱལ་ཁབ་ཕྱི་ནང་གི །མགོ་བརྒྱའི་འདུད་ས། ལྕེ་བརྒྱའི་ཞུ་སའི་མི་མང་པོས་འོ་ཅག་ལ་མི་འདུད་པར་འོ་ཅག་གིས་ཁྲམ་པར་རློམ་བཞིན་པའི་མི་དེ་དག་ལ་འདུད་པ་འདི་ཚུལ་ཅི་ཞིག་རེད། ནམ་རྒྱུན་ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་ཁོ་ནི། མི་དེ་དག་གི་མགོ་ཐོག་གི་བུམ་པ། ལྕེ་ཐོག་གི་བདུད་རྩིར་གྱུར་འགྲོ་བ་ངོ་རེ་མཚར། ནམ་རྒྱུན་མི་སྣ་དེ་འདྲའི་གལ་ཆེན་མང་པོས། ཁོ་ལ་སྡོད་ན་འདུག་གྲོགས། ཕེབས་ན་འགྲོ་གྲོགས་ཅི་ཡོང་བྱེད་པ་འདིར་ང་ཚོས་ཅིས་ཀྱང་བསམ་བློ་ཞིག་གཏོང་དགོས་སྙམ། ཡང་མིན་ན་འཛམ་བུའི་གླིང་འདིའི་ཆེ་ས་ཟེར་བ་ཐམས་ཅད་ཁྲམ་པ་རེད། ཆུང་ས་ཟེར་བ་ཐམས་ཅད་འཇོན་པོ་རེད། ཡང་མིན་ན་རང་ཅག་འཇོན་པོ་ཡིན་ཟེར་བ་ཐམས་ཅད་ཁྲམ་པ་རེད། གཞན་ཁྲམ་པ་རེད་ཟེར་བ་ཐམས་ཅད་འཇོན་པོ་རེད། གང་ལྟར་གཤམ་ནས་ང་ཚོ་ཚང་མས་ཁོ་གང་ལ་འགྲོ་གི་འདུག །ཁོས་གང་ཞིག་སྒྲུབ་ཀྱིན་འདུག་པར་ཟུར་མང་པོ་ལས་ཐིགས་པ་ཙམ་ཞིག་བླངས་ཏེ་བལྟས་ན་ཇི་འདྲ། བལྟས་རྗེས། ང་ཚོས་མི་མཐུད་དུ་ཁོ་བོ་ངན་པ་ཞིག་གམ་མཛད་རྗེས་ཅན་གང་རུང་ཞིག་ཡིན་པར་ལབ་ཀྱང་འཕྱི་མི་འགྲོ་སྙམ།
ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོའི་ཁྱད་མཚར་མི་ཚེའི་ཟུར་ཙམ།གཅིག
ཁོས་བཤད་ན་ཁོ་བོ་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་བོད་ཀྱི་ཆབ་སྲིད་གཉིས་ཀའི་ལས་ཀར་མ་འབྲེལ་བའི་རྒྱལ་ཕྱི་ནང་འགྲིམ་བཞིན་པའི་གྲོང་ཆོག་པ་ཞིག་ཡིན་ཟེར། དངོས་གནས་དེ་འདྲ་ཞིག་ཡིན་ན། ཁོ་བོ་ནི་ཕྱི་སོག་རྒྱལ་ཁབ་ཚུགས་པའི་ཡབ་ཆེན་ལྟ་བུ་ཚང་གི་གྲོང་ཆོག་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝིན་ཚང་གི་གྲོང་ཆོག་པ། འཛམ་གླིང་གི་ཁྱིམ་རྒྱུད་ཆེན་མོ་བདུན་གྱི་ཡ་གྱལ་ལོ་ཁི་ཧྥེ་ལི་ཚང་གི་གྲོང་ཆོག་པ། ཀྲུང་གོ་རྒྱལ་ཁབ་ཀྱི་མི་སྣ་གྲགས་ཆེན་མང་པོའི་གྲོང་ཆོག་པ་ཞིག་ཡིན་པ་སྨོས་མ་དགོས་ལ། གང་ལྟར་གྲོང་ཆོག་བདའ་སྲོལ་འདི་རང་རེ་བོད་ལ་སྔ་མོ་ནས་དར་ཡོད། ཞིབ་ཏུ་བསམ་ན་སྔོན་བྱོན་བོད་ཀྱི་དམ་པ་མང་པོ་གྲོང་ཆོག་ལ་མ་ཕེབས་པ་ཕལ་ཆེར་མེད་ཚོད་རེད། དེ་ལྟ་ཡིན་ན་ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་ཁོ་འང་། བོད་ཀྱི་ལོ་རྒྱུས་སྟེང་འཛམ་བུའི་ས་སྒང་འགྲིམ་བཞིན་པའི་གྲོང་ཆོག་པ་ཆེས་ས་རྒྱ་ཆོད་པའི་མི་དེ་གཅིག་པུར་ངེས་བཟུང་ན་འང་མི་ཆོག་པ་ག་ལ་ཡོད། ཡང་གཅིག་བཤད་ན་ཁོ་བོ་ནི་བོད་ཀྱི་ལོ་རྒྱུས་སྟེང་བཟང་ངན་གྱི་གླེང་གཞི་ཆེས་ཆེ་བའི་གྲོང་ཆོག་པ་ཞིག་ཡིན་ན་འང་མི་ཆོག་པ་ག་ལ་ཡོད། གང་ལྟར་ཁོས་ནི་གྲོང་ཆོག་བདའ་ཞོར་དུ་ཅི་ཞིག་སྒྲུབ་ཀྱིན་འདུག་པར་ང་ཚོས་ངེས་པར་དོ་སྣང་བྱ་དགོས་སྙམ། ཡང་གཅིག་བཤད་ན་ཁོ་བོ་ནི་མི་ཁའི་རླུང་ནག་འཚུབ་མས་སྒུལ་མི་ཐུབ་པའི་རྒྱ་ནག་བྱང་ཕྱོགས་ཀྱི་བོད་ཀྱི་ཕ་བོང་གསེར་མདོག་ཅན་ཞིག་མིན་ནམ་སྙམ།
ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོའི་ཁྱད་མཚར་མི་ཚེའི་ཟུར་ཙམ།གཉིས།
ཁོ་བོ་ནི་མི་ལོ་ཉེར་གཉིས་སྟེང་བྱང་ཉི་མ་བླ་བྲང་ཕྱོགས་ཀྱི་ཀན་སུའུ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་རྒན་ལོ་ཆུང་ཤོས་བྱས་མྱོང་བ་དེ་རེད། ཁོ་བོ་ནི་གུང་ཐང་འཇམ་པའི་དབྱངས་ཀྱི་ཐུགས་རྩིས་ཧ་ཅང་ཆེ་ཞིང་ཁོང་ལ་ལུས་དང་གྲིབ་མ་བཞིན་འགྲོགས་བསྡད་མྱོང་བའི་གྲྭ་བ་ན་མཉམ་མང་པོའི་བློར་མ་བབ་པ་དེ་རེད། ཁོ་བོ་ནི་སྐབས་དེའི་ན་མཉམ་ཁྲོད་སློབ་བུ་ཆེས་མང་ཤོས་ཅན་དེ་རེད། ཁོས་ནི་ལོ་རྒྱུས་སྟེང་བྱང་ཉི་མ་བླ་བྲང་ལ་དུས་དེབ་སྔ་ཤོས་དབུས་སྨྲ་བསྒྲུབས་ནས་མང་པོའི་མིག་ནང་ལ་མ་ཆུད་པ་དེ་རེད། ཁོ་བོ་ནི་མི་ལོ་ཉེར་གཉིས་སྟེང་སྔགས་ཆེན་ལམ་རིམ་ལ་འགྲེལ་སྤུས་ལེགས་ཤིག་བརྩམས་པས་མི་ཕྲུག་ན་མཉམ་ཚོའི་ཁ་ནང་ལ་མ་ཆུད་པ་དེ་རེད། དེ་ནས་ཁོ་བོ་ནི་བྱང་ཉི་མ་བླ་བྲང་ལ་ཁ་གྱེས་ནས་རྒྱ་ནག་བྱང་ཕྱོགས་ཀྱི་པེ་ཅིན་སློབ་ཆེན་དུ་སློབ་སྦྱོང་བྱས་མྱོང་པ་དེ་རེད། ཁོ་བོ་ནི་གངས་ཅན་བླ་མ་ཟེར་བས་མཐོང་ཆེན་གནང་ཡང་གངས་རིའི་མགོན་པོ་སྤྱན་རས་གཟིགས་ཀྱི་ཐུགས་སྨོན་མ་བཅག་པ་དེ་རེད། ཁོ་བོ་ནི་མི་ཚེ་གཅིག་ལ་ཕལ་བའི་མི་ལོ་སྟོང་གི་བྱ་བ་བསྒྲུབ་འདོད་པའི་ཁ་ཕོ་ཅན་དང་སྙིང་སྟོབས་ཅན་དེ་རེད། ཁོ་བོ་ནི་བོད་ཀྱི་ལོ་རྒྱུས་སྟེང་ཆེས་ཐོག་མར་མི་ལོ་བཅོ་ལྔའི་རིང་བོད་གྱི་རིག་བཅུའི་ཉིང་བཅུད་བསྡུ་བསྒྲིགས་བྱས་ཏེ། གོ་ལ་ཟླུམ་པོ་འདིའི་ཤར་ནུབ་ཀུན་ཏུ། མི་རིགས་མི་གཅིག་སོ་སོ། རྒྱལ་ཁབ་མི་གཅིག་ཁ་ཁར། བོད་ཀྱི་རིག་གནས་མཚམས་སྦྱོར་ཐད། དོན་པའི་རྟགས་དང་། འཛིན་པའི་ཡུ་བ་ཅན་ཞིག་བྱུང་བ་དེ་རེད། ཁོ་བོ་ནི་གངས་རིའི་རིག་གནས་ཀྱི་ཉིང་བཅུད་འཛམ་བུའི་གླིང་གི་དཔེ་མཛོད་ཁང་མང་པོར་བསྐྱལ་མྱོང་བ་དེ་རེད། ཁོ་བོ་ནི་རིག་བཅུའི་ཉིང་བཅུད་ཆེན་མོ་འདི་བསྒྲིགས་པས་ས་ཆེན་གོ་ལ་ཟླུམ་པོ་འདིར་ཇི་ཉི་སིའི་ཟིན་ཐོ་ཐོག་མར་བསྐྲུན་མཁན་གྱི་གྲོང་ཆོག་པ་དེ་རེད། གང་ལྟར་ཁོ་བོ་ནི་བྱང་ཉི་མ་བླ་བྲང་གི་ཕྱོགས་ལ་ནམ་ཡང་འཁང་ར་དང་བསྐང་ར་བྱས་མ་མྱོང་བའི་གྲོང་ཆོག་པ་ཞིག་ཡིན་པར་མ་ཟད། མགོན་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་དང་། ནང་ཕུ་ནའི་སེམས་ཁུར་གྱི་ཐུགས་རྗེ་མ་བརྗེད་པར་རྒན་མགོ་དཀར་དང་། གཞོན་སོ་དཀར་ལ་དངུལ་རོགས་མང་པོ་བྱས་མྱོང་པའི་གྲོང་ཆོག་པ་དེ་རེད།
ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོའི་ཁྱད་མཚར་མི་ཚེའི་ཟུར་ཙམ།གསུམ།
དེ་ནས་ཁོས་ནི་རྒྱལ་ཁབ་ཕྱི་ནང་འགྲིམས་ཤིང་། རྒྱ་ནག་པེ་ཅིན་གྲོང་ཁྱེར་གྱི་མི་སྣ་རྒྱ་མཚོ་ལྟ་བའི་ནང་རང་ཉིད་ཕར་ཐིམ་པར་མ་བྱས་པར་རིག་བཅུ་དར་སྤེལ་གླིང་ཞེས་རིག་བཅུའི་དར་ཆའི་བསིལ་སྡོང་ཆེན་པོ་བཅུ་བཙུགས་ཤིང་དེ་ལ་འབྲས་བུ་སྨིན་པས་དེའི་གྲིབ་བསིལ་ལ་བརྟེན་པའི་རྒྱ་ནག་མཐོ་རིམ་མི་སྣ་མང་པོས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་མྱོང་བའི་གྲོང་ཆོག་པ་དེ་རེད། ཁོ་བོ་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་དངོས་སུ་མཇལ་འཕྲད་བྱུང་ཞིང་། བྱམས་བརྩེས་མི་གཞི་སྐྱོང་བ་དང་། ཤེས་རབ་ཀྱིས་འཕྲིན་ལས་སྐྱོང་དགོས་ཀྱི་བསམ་བློ་ཐོག་མར་འདོན་སྤེལ་གནང་མཁན་དེ་རེད། ཁོ་བོ་ནི། མཉམ་འབྲེལ་རྒྱལ་ཚོགས་ཚོམས་ཁང་དུ་ཕྱིན་ནས་ཁ་བྱང་ལ། མཉམ་གཅིག་ཏུ་ས་སྒང་འཁོར་ཡུག་སྲུང་སྐྱོབ་དང་འཛམ་གླིང་ནམ་ཡང་ཞི་བདེ་འོང་པར་སྨོན་ལམ་འདེབས་ཟེར་བའི་གཏམ་བཤད་གནང་མཁན་དེ་རེད། ཁོ་བོ་ནི། རྒྱལ་ཁབ་གཙོ་འཛིན་ཞི་ཅིན་ཕིན་གྱི་རྒྱུད་གཅིག་ལམ་གཅིག་གི་དགོངས་གཞིའི་ཐད། མཛད་རྗེས་ཁྱད་པར་ཅན་གྱི་མཚན་སྙན་གནང་མྱོང་པ་དེ་རེད། མཚན་སྙན་འདི་ནང་པ་སངས་རྒྱས་པ་ཞིག་ལ་ཐོབ་པ་ཆེས་ཐོག་མ་འང་ཡིན་ཚོད་རེད། ཁོ་བོ་ནི། ནུབ་ཕྱོགས་རྒྱལ་ཁམས་འགྲིམ་པའི་ཐང་ཟིན་བླ་མའི་ཞབས་རྗེས་འགྲིམས་ཏེ། འཆམ་མཐུན་དང་རྒྱུད་གཅིག་ལམ་གཅིག་གི་རིག་གནས་དཔལ་འབྱོར་དར་སྤེལ་གཏོང་བར་སྐུལ་འདེལ་གྱི་འབོད་སྐུལ་གཏོང་མཁན་དེ་ཡིན་པས། དེའི་ཐད་ནས་ཁོང་ལ་དེང་དུས་ཀྱི་ཐང་ཟིན་བླ་མ་ཟེར་བའི་བསྟོད་བསྔགས་ཀྱི་མཚན་སྙན་ཐོབ་པའི་བོད་ཀྱི་བླ་རྒན་དེ་རེད། ཁོ་བོ་ནི། བོད་སོག་མཐོ་རིམ་མི་སྣའི་མཆོད་ཡོན་བར་འཇའ་ས་གནང་སྲོལ་གྱི་རྒྱུན་ཆད་ནས་མི་ལོ་ཉིས་བརྒྱའི་གཞུག །སོག་པོའི་རྒྱལ་ཁབ་གསར་བ་འཛུགས་དུས་ཀྱི་ཡབ་ཆེན་ལྟ་བུའི་སྲིད་འཛིན་གཙོ་བོས་དབུ་བླར་བཀུར་ཞིང་། འཇམ་དཔལ་ཆོས་རྗེའི་གསེར་ཐམ་གསེར་བྱང་གནང་པའི་གྲོང་ཆོག་པ་དེ་རེད། ཁོ་བོ་ནི། བུ་རྒོད་པོ་ཕ་ཡུལ་ལ་མི་ཤོང་། འབྲོང་རྒོད་པོ་ལྷས་རར་མི་ཁུགས་པའི་དཔེ་ལྟར། རང་ཕ་ཡུལ་གྱི་དགོན་སྡེའི་ལྕགས་རུ་བརྒལ་ཞིང་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་བདུན་ཅུ་ལྷག་ལ་བོད་ཀྱི་ཆོས་རིག་དར་སྤེལ་གཏོང་བཞིན་པའི་གྲོང་ཆོག་པ་དེ་རེད། ཁོ་བོ་ནི། ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྒྱལ་སྤྱིའི་སོག་བོད་ནང་ཆོས་ལྟེ་གནས་འཛུགས་མཁན་གྱི་མི་སྣ་གཙོ་བོ་དེ་རེད། ཁོ་བ་ནི། བོད་ཀྱི་ལན་ཛའི་སྒྱུ་རྩལ་ཡིག་གཟུགས་བཤམས་ཐང་ཐད། ཤོག་བུ་སྣ་ཚོགས་དང་། སྣག་ཚ་སྤུ་སྨྱུག་སྣ་ཚོགས་པས་ཡིག་གཟུགས་བྲིས་པ་ཆེས་མང་པའི་འཛམ་གླིང་ཇི་ཉི་སིའི་ཟིན་ཐོ་བསྐྲུན་མཁན་དེ་རེད། ཁོ་བོ་ནི། མི་ཚེ་གང་བོར་དགོན་པའི་ལྕགས་རུའི་ནང་ཚེ་འཁྱོལ་ཐབས་བྱེད་པར་མི་དགའ་བར་གངས་རིའི་ར་བ་བརྒལ་ནས། ལན་ཛའི་ཡིག་གཟུགས་ཆོས་ལུགས་མི་གཅིག་ཁ་ཆེའི་ཡུལ་གྱི་འཛམ་གླིང་གི་ཆེས་མཐོ་བའི་ཐོག་ཁང་ནང་གདན་འདྲེན་གནང་སྟེ། མཐོ་རིམ་ཁ་ཆེ་བ་རྣམས་དང་ལྷན་དུ་བཤམས་སྟོན་གནང་མཁན་དེ་རེད།
ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོའི་ཁྱད་མཚར་མི་ཚེའི་ཟུར་ཙམ།བཞི།
མདོར་ན་དགེ་བཤེས་ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་ཁོ་ནི་འཛམ་གླིང་གི་ཟིན་ཐོ་ལྔ་བསྐྲུན་མཁན་གྱི་བོད་མི་ཞིག །ནང་ཆོས་དང་མཚན་ཉིད་རིག་པའི་ཐད་འབུམ་རམས་ཐོབ་ཐང་གཉིས་ཐོབ་མཁན་ཞིག །འཛམ་གླིང་རྒྱལ་ཁབ་སྐོར་ཞིག་གི་རླབས་ཆེན་མི་སྣའི་སློབ་སྟོན་པ། མཉམ་འབྲེལ་རྒྱལ་ཚོགས་སྐྱེ་ཁམས་བདེ་འཇགས་ཚན་རིག་ཁང་གི་མཁས་མི། འཛམ་གླིང་ནང་ཆོས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ། ཨ་རིའི་ནང་ཆོས་མཉམ་འབྲེལ་ཚོགས་པའི་བློ་འདྲི་ས། ཨ་རིའི་རྒྱལ་སྤྱིའི་སོག་བོད་ནང་ཆོས་ལྟེ་གནས་གསར་གཏོད་པ་དང་ལྟེ་གནས་ཁྲི་བ། ཕྱི་སོག་རྒྱལ་ཁབ་ཀྱི་བཛྲ་ཐེབས་རྩ་ཚོགས་པའི་ཚོགས་གཙོ། པེ་ཅིན་གངས་ལྗོངས་རིག་བཅུ་དར་སྤེལ་གླིང་གི་འགན་གཙོ་བཅས་བོད་ཀྱི་རིག་གནས་ལ་འབྲེལ་བའི་ལས་གཞི་མང་པོའི་ཐད་ལས་ཀ་སྒྲུབ་མཁན་ཞིག །
མི་སྐྱོན་མེད་འཛམ་བུའི་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། ཅེས་པའི་དཔེ་ལྟར། སྤྱིར་མི་ཞིག་ལ་བཟང་ངན་གཉིས་ཀྱི་ཐད་ནས་གདེང་འཇོག་བྱེད་དགོས་མོད། ལོ་འདི་གའི་སྔོན་ལ་ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོར་རྒྱལ་ཕྱི་ནང་ཀུན་ཏུ་བོད་མི་མང་པོས་ངན་སྨོད་ཁོ་ནའི་ཚ་ཚ་འུར་འུར་བྱེད་སྐབས། རང་ནས་ཁོ་ངོ་གཏན་ནས་ཤེས་ཀྱི་མེད་བཞིན། ཁོའི་ལས་ཀའི་གྲུབ་འབྲས་འགའ་རེར་མཐོང་ཐོས་ཅུང་ཟད་བྱུང་ཡོད་རྐྱེན། མང་པོའི་གདེང་འཇོག་དག་ཅུང་ཟད་བློ་ངོར་མ་བདེ་ནས་ཆེས་ཐོག་མར་ཁོ་བོར་བཟང་ངན་གཉིས་ཀྱི་བཟང་ཕྱོགས་ཀྱི་ངོས་ནས་ཅུང་ཟད་ཐབས་མཁས་ཀྱི་ཚུགས་ཀས་རྩོམ་ཡིག་ཅིག་སྤེལ་ཁུལ་བྱས་པས་མི་མང་པོས་དོ་སྣང་བྱས་སོང་། ལྷག་པར་དེ་དུས་ཅི་ཡིན་འདི་ཡིན་མེད་པར་རང་གི་གྲོགས་པོ་ཡོན་ཏན་ཆུ་ཚད་མཐོ་ཤོས་ཅན་འགའ་རེས་ཀྱང་རང་སྟེང་ལ་མི་དགའ་བའི་རྣམ་འགྱུར་བསྟན་སོང་། དེར་བརྟེན་ཕྱོགས་གང་ཐད་ནས་རང་སྟེང་ལ་ཡང་ངན་སྨོད་ཀྱི་ཚིག་ཚོགས་མི་ཉུང་བ་ཞིག་ཐོན་འོང་། གང་ལྟར་དེ་ནི་སྡུག་གྱོང་རང་རེད་ལ། སུས་ཀྱང་མ་བསྐུལ་པའི་ལས་ཀ་ཞིག་གི་དབང་གིས་ལོས་ཡིན། ཡིན་ན་འང་ང་རང་ལ་འང་ང་རང་གི་མི་ཚེའི་ལྟ་ཚུལ་འཛིན་སྲོལ་ཞིག་ཡོད་ཕྱིར་དེ་དག་ཐམས་ཅད་ལ་ཁ་ཡ་མ་བྱས་པས། རིམ་བཞིན་ངན་སྨོད་བཤད་མཁན་ཡང་ཉུང་དུ་སོང་ཞིང་། ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་ཁོར་ཡང་བཟང་ངན་གཉིས་ཀྱི་ཆར་དྲང་བདེན་གྱི་དཔྱད་འཇོག་སྤེལ་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག །འདི་བསམ་ན་དགའ་འོས་པ་ཞིག་ཀྱང་མིན་པའི་ངེས་པ་ཅི། མདོར་ན་བོད་མི་སུ་ཞིག་ཡིན་ཡང་མི་སུ་ཞིག་ལ་དཔྱད་འཇོག་སྤེལ་སྐབས། ཐོག་མར་དམའ་འབེབ་པར་མི་སྔ་བར། དྲང་ལྡོག་གཉིས་ཐད་ནས་བློ་གཟུ་བོས་དཔྱད་འཇོག་རེ་སྤེལ་རྒྱུ་ནི་ཁོ་བོའི་སྙིང་གཏམ་རང་ཡིན། མགར་རྒད་པོས།
ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོའི་ཁྱད་མཚར་མི་ཚེའི་ཟུར་ཙམ།དགྲ་ལ་དགྲ་རུ་མི་བྱེད་པ།།ཨེ་མ་བདག་ཅག་བདེ་བར་གནས།།དགྲ་བོའི་མི་ཡི་ནང་དུ་ཡང་།།བདག་ཅག་དགྲ་དང་བྲལ་བར་གནས།།དེས་ན་དགའ་བར་མི་བྱ་སྟེ།།དགའ་བ་བོར་བ་སྡུག་པ་ཉིད།།གང་ཡང་དགའ་བར་མི་འཛིན་པ།།དེ་ལ་སྒྲོག་ནི་ཡོད་མ་ཡིན།།(སྟོན་པས།)ཡུལ་མཐའ་མེད་འཁོར་བའི་ཕྱོགས་ཕྱོགས་ནས།།དོན་མེད་པར་འདུས་པ་གཉེན་དུ་རློམ།།ཕན་བཏགས་པ་མེད་ཀྱང་བྲལ་བ་ཡི།།སྡུག་སྙིང་ལ་བཞག་ནས་སོ་སོར་འགྲོ།།(གུང་ཐང་བསྟན་པའི་སྒྲོན་མེས།)
འཇའ་སའི་སྐོར།
ཆེས་འབྱོར་ཕྱུག་ལྡན་ཞིང་འཛམ་གླིང་ལ་ཤུགས་རྐྱེན་ཆེ་བའི་ཁྱིམ་རྒྱུད་ཆེན་མོ་བདུན་གྱི་ཡ་གྱལ་ལོ་ཁི་ཧྥེ་ལི་ཚང་གི་ད་ལྟའི་རྒྱུད་འཛིན་པ།
ཀྲུང་གོའི་ཙོང་ལི་ཟུར་བ་ལི་ཕིན་གྱི་སྲས་མོ།
网友评论