ཚན་པ། བཅུ་གཅིག
རྩ་དོན་དབྱེ་འབྱེད་ཅེས་པའི་བསམ་བློ་འདི་ཉིད་རྒྱུན་ཆགས་སུ་ཉམས་སུ་ལེན་ཐུབ་པ་ཡིན་ན་ད་དུང་ང་ཚོས་མི་ཚེའི་མཐར་ཐུག་གི་བསྙེག་བྱ་གཞན་ཞིག་ཀྱང་ཞོར་ནས་རྙེད་ཡོང་བ་རེད། དེ་ནི་“རང་དབང་”ཞེས་པ་དེའོ།། སྤྱིར་རང་དབང་ལ་རིགས་འདྲ་མིན་དང་གོ་དོན་སྣ་ཚོགས་མཆིས་ཀྱང་ང་ཚོར་ཆེས་མཐར་ཐུག་གི་བསམ་བློའི་རང་དབང་ཐོབ་དགོས་ན། རང་གཞན་གཉིས་ཀྱི་རྩ་དོན་དབྱེ་འབྱེད་ལེགས་པར་བྱེད་ཤེས་རྒྱུ་དེ་ནི་གོམ་པ་དང་པོ་ཡིན་པར་བརྗོད། དེ་གཉིས་ཀྱི་བར་ན་མེད་ན་མི་འབྱུང་གི་འབྲེལ་བ་ཁྱད་པར་ཅན་གང་ཞིག་ཡོད་ཅེ་ན། བསམ་བློའི་རང་དབང་ཞེས་པ་དེ། ཕྱི་དངོས་པོའི་བསླུ་བྲིད་དང་གཞན་གྱི་ལེགས་ཉེས་ཀྱི་ལྟ་སྟངས་གང་ལ་ཡང་བལྟས་པ་མེད་པར་རང་ངོས་ནས་རང་རྐྱ་ཐུབ་པའི་གོ་རྟོགས་ཞིག་འཁྲུངས་རྒྱུ་དེ་ཡིན་ལ། དེ་ནི་རྩ་དོན་དབྱེ་འབྱེད་ཀྱི་བསམ་བློ་གཞུང་རྐང་དུ་བཟུང་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་དགོས་པ་ཞིག་ཡིན་ནོ།། དཔེར་ན་རྩ་དོན་དབྱེ་དབྱེད་ཀྱི་གོ་རྟོགས་རབ་ཅིག་ལ་སླེབས་ཚར་ན།
གཞན་གྱིས་ཁྱེད་ལ་སྐྱོན་བརྗོད་དང་བསྟོད་བསྔགས་ཅི་ཞིག་བྱས་ཀྱང་དེ་ནི་གཞན་ཁོ་རང་ཚོའི་རྩ་དོན་ཅིག་ལས་རང་ལ་འབྲེལ་བ་མེད་པར་བསམ་ཏེ། དེའི་ཕྱོགས་ལ་ཇུས་གཏོགས་གང་ཡང་མི་བྱེད་པ་རེད། སྐབས་དེར་བགྱི་བ་གང་ཞིག་རྩོམ་མིན་དེ་རང་གི་རྩ་དོན་ཡིན་པ་ལས་གཞན་གྱིས་ཅི་ཟེར་དང་གཞན་གྱིས་ཕྱིར་ཕན་ལན་འཇལ་མིན། གཞན་ལ་ལྟ་སྟངས་ཅི་འབྱུང་ལ་གཏན་ནས་ཁ་ཡ་མི་བྱེད་པ་མ་ཟད། གཞན་ངོ་འཚོ་བ་དང་མཚན་སྙན་གྲགས་ལ་རེ་བའི་འདུན་པ་དེ་ཡང་ཡོངས་སུ་འགགས་ངེས་སོ།། དེ་ནས་བཟུང་སྟེ། ལན་ལ་མི་རེ་ཞིང་སྙན་གྲགས་ཀྱི་བསླུ་བྲིད་དང་ངོ་བསྟོད་གཅམ་གསག་གི་བྲན་གཡོག་ལས་ཀྱང་ཡོངས་སུ་ཐར་བ་ཡིན་པས། གཞན་བརྟེན་མ་ཡིན་པའི་རང་རྐྱ་ཐུབ་པའི་“བསམ་བློའི་རང་དབང་”དེ་ཡང་ངང་གིས་འབྱུང་ངེས་སོ།། དེ་ནས་རང་སེམས་རང་ལ་དབང་བའི་མཐར་ཐུག་གི་སེམས་ཀྱི་བདེ་སྐྱིད་དེ་ཡང་ཅི་དགར་ཉམས་སུ་བཞེས་ཆོག་པའོ།།
网友评论