བྱིས་གཉོར་སློབ་གསོའི་མན་ངག་སྟོན་པའི་དེབ་ཅིག་ལས། རྒྱུན་དུ་བྱིས་པར་བསྟོད་པ་བྱེད་པ་དེས་ནི། བྱིས་པ་རང་སྟེང་ནས་རང་གི་ནུས་པ་སྔོག་འདོན་བྱེད་པ་དང་བྱ་བ་འདྲ་མིན་ལ་ཚོད་ལྟ་བྱེད་པར་བར་ཆད་ཆེན་པོ་བཟོ་ཟེར། རྒྱུ་མཚན་ཁ་ཡག་ངོ་དགའི་བསྟོད་བསྔགས་འཐེན་པ་མང་དྲག་ན་བསྟོད་པར་དགའ་ཞེན་ཆེ་བ་ཞིག་ཏུ་ཆགས་ཏེ། བགྱི་བ་གང་བརྩམས་ཐམས་ཅད་གཞན་གྱི་ཁས་ལེན་དང་བསྟོད་བསྔགས་ཐོབ་ཆེད་ཙམ་དུ་དམིགས་འགྲོ་བ་ལས། གཞན་གྱིས་ཁས་ལེན་མིན་ལ་མ་བལྟས་པའི་རང་གི་ནུས་འཇོན་དངོས་དེ་རྩལ་འདོན་བྱེད་པའི་ཡི་ག་འགགས་འགྲོ་བ་དེས་སོ།། དེ་ཡང་གལ་སྲིད་བྱ་བ་འདྲ་མིན་ལ་ཚོད་ལྟ་བྱས་པ་ན་ཕམ་ཁ་ཉོ་བ་དང་ནོར་འཁྲུལ་འབྱུང་སྲིད་པས་གཞན་གྱིས་རང་ཉིད་ལ་བཟུང་བའི་སྔར་གྱི་སྣང་བརྙན་ཡག་པོ་དེ་བརླག་ཉེན་ཆེ་ལ། དེ་བས་གཞན་ངོ་ཙམ་བསྲུང་ཆེད་དུ་རང་ལ་འགྱུར་ལྡོག་གཏོང་བར་སྐྲག་མཁན་ཞིག་ཏུ་གྱུར་འགྲོ། ལྷག་པར་ཕ་མ་ཚོས་བྱིས་པར་བསྟོད་སྐབས་ཧ་ལས་པའི་“རིག་ཡག་”ཅིག་ཡིན་པ་“རིག་རྒོད་”ཡིན་པ་སོགས་ཀྱི་བསྟོད་པ་དེའི་སྐོར་གཏན་ནས་འཐེན་མི་རུང་བར་བརྗོད། དེ་ལྟར་བསྟད་དྲག་ན། བྱིས་པས་ཀྱང་དོན་དམ་དུ་རང་ཉིད་རིག་རྒོད་ཅིག་ཡིན་སྣང་གིས་སྣང་བརྙན་བཟང་བོ་དེ་མི་བརླག་པའི་ཆེད་དུ་རྒྱུན་པར་རང་གིས་ཅུང་ཙམ་འཇོན་པའི་ལས་ཤ་སྟག་ལ་ཞུགས་པ་ལས་བྱ་བ་འདྲ་མིན་ལ་འཇུག་པར་མི་སྤྲོ་ལ། འཇུག་པའི་སྙིང་སྟོབས་ཀྱང་མེད་པ་ཆགས་ངེས། རྒྱུ་མཚན་རང་ལ་ཆ་རྒྱུས་མེད་པའི་བྱ་བར་ཞུགས་ཏེ་ནོར་འཁྲུལ་བྱུང་བ་ན་རང་ཉིད་གང་ལ་བསྐོར་ཀྱང་རིག་རྒོད་ཅིག་ཡིན་པའི་སྣང་བརྙན་དེ་བརླགས་འགྲོ་བས། རང་ཉིད་མི་བུ་རིག་རྒོད་ཅིག་ཡིན་པའི་སྣང་བརྙན་ཙམ་པོ་དེ་མི་འདོར་བའི་ཆེད་དུ་ཚེ་གང་ལ་གཞན་གྱི་མིག་མདངས་འཚོལ་བར་དགའ་བའི་མི་བུ་ཅོལ་ཆུང་ཞིག་ཏུ་འགྱུར་ངེས་པ་ལ་སོགས་ཀྱི་ཉེས་སྐྱོན་ཟད་དུ་མེད་པ་འབྱུང་བར་བཤད། དེ་ལས་བརྩོན་འགྲུས་ཆེ་བའི་བསྟོད་བསྔགས་བྱས་ན་བཟང་རབས་བརྗོད། རྒྱུ་མཚན་ནི། བརྩོན་འགྲུས་ཡོད་འདོད་ཀྱི་སྣང་བརྙན་དེས་ནི་བྱ་བ་གང་ཡིན་ཡང་འགྲུབ་མིན་ལ་མི་ལྟ་བར་ཚོད་ལྟ་བྱེད་འདོད་ཀྱི་སེམས་ཤུགས་དྲག་པོ་ཞིག་ངང་གིས་འདྲེན་པས་སོ།།
网友评论